སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མུན་ལི་ཡོང་ལིའུ་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ འགོ་ཁྲིད་ཀྱི་དོན་ལུ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མདོ་ཆེན་བཀོད་ཚོགས་ཀྱི་ ཁྲི་འཛིན་གྱི་ ཕྱག་འགན་བཞེས་ཐོག་ལས་ བསྐོ་བཞག་གནང་ཡོདཔ་ད་ ཇོ་ཨི་ཅི་ཇོའི་ཨི་ཏོ་དང་ ཨིན་པེང་ དེ་ལས་ སིའུ་ཧི་ཡང་ལི་དང་ ཨ་རཱུན་ཀུ་མར་ ཨམ་ལའུ་རེན་ཅུང་ཚུ་ མདོ་ཆེན་བཀོད་ཚོགས་ཀྱི་ འཐུས་མི་སྦེ་ བསྐོ་བཞག་གནངམ་དང་གཅིག་ཁར་ ལིའུ་དེ་ མདོ་ཆེན་བཀོད་ཚོགས་ཀྱི་ འཐུས་མི་སྦེ་ཡང་ བསྐོ་བཞག་གནང་ནུག།
མདོ་ཆེན་བཀོད་ཚོགས་ནང་ བསྐོ་བཞག་གནང་མི་ ཨི་ཏོ་ལུ་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་ གོང་འཕེལ་ལས་འཛིན་གྱི་ ཁྲི་འཛིན་ཡང་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
གོང་གི་འགོ་ཁྲིདཔ་ཚུ་ལུ་ རྒྱལ་སྤྱི་གནས་རིམ་ནང་ ལོ་ངོ་བཅུ་ཕྲག་ལས་བཅད་པའི་ ཉམས་མྱོང་ཚུ་ཡོདཔ་ལས་ ཁོང་གིས་ འབྲུག་དང་ རྒྱལ་སྤྱིའི་མཉམ་རོགས་ཚུ་དང་གཅིག་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ དེང་དུས་ཀྱི་ གཞི་རྟེན་མཁོ་ཆས་དང་ འབྲུག་པའི་བརྩི་བཀུར་ ཡུན་བརྟན་གཞི་སྒྱུར་ཐོག་གི་ ཡར་འཕར་ཚུ་ གཅིག་སྒྲིལ་གྱི་སྒོ་ལས་ གོང་འཕེལ་གཏང་ནི་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༢ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསལ་བསྒྲགས་གནང་ཡོདཔ་བཞིན་དུ་ ཁྲོམ་ཚོགས་དེ་ རྒྱལ་སྤྱིའི་དཔལ་འབྱོར་ལྟེ་བ་སྦེ་ དཔལ་འབྱོར་དང་ མི་སྡེ་གོང་འཕེལ་གྱི་ གཞི་རྩའི་ནང་དོན་ཚུ་ བསྐྱར་བཀོད་འབད་ནི་ལུ་ སྒྲིག་བཀོད་འབད་དེ་ཡོདཔ་ཨིན་པས།
མུན་ལི་ཡོང་ལིའུ་ལུ་ རྒྱལ་སྤྱི་གནས་རིམ་ནང་ མ་རྩ་གཞི་བཙུགས་དང་ ལས་འགུལ་གོང་འཕེལ་གྱི་ ཉམས་མྱོང་སྦོམ་ཡོདཔ་ད་ ཁོ་གིས་ ཁྲོམ་ཚོགས་དང་ གཞི་རྟེན་མཁོ་ཆས་གོང་འཕེལ་ གནམ་ཐང་གོང་འཕེལ་ལ་སོགས་པ་ཚུ་ འགོ་ཁྲིད་འབད་ཡོདཔ་ཨིན་པས།
ད་རེས་ ཁོ་ར་ ཀེ་པི་ཊ་ལེན་སྡེ་ཚན་ཟེར་ རྒྱལ་ཁབ་ ༢༠ ལྷགཔ་ཅིག་གི་ནང་ ཡན་ལག་ལས་ཚན་ཚུ་བཙུགས་ཏེ་ ལྷོ་ཨེ་ཤི་ཡ་ལུ་ གཞིས་ཁང་ཚོང་འབྲེལ་སྡེ་ཚན་སྦོམ་ཤོས་ གཞི་བཙུགས་ཁྲི་འཛིན་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཨིནམ་ད་ ཁོ་གི་འགན་ཁུར་གཙོ་བོ་ར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ མ་འོངས་པར་ འགོ་ཁྲིད་རྒྱུན་མཐུད་ཀྱི་ ལྕོགས་གྲུབ་གོང་འཕེལ་དང་ འབྲུག་པའི་རིག་རྩལ་གོང་འཕེལ་ཚུ་ཨིན་པས།
དེ་བཟུམ་སྦེ་ ཇོའི་ཅི་ཇོའི་གིས་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་གོང་འཕེལ་ལས་འཛིན་གྱི་ ཁྲི་འཛིན་གྱི་ གོ་གནས་ཁར་ འབྲུགཔ་དང་ རྒྱལ་སྤྱིའི་མཉམ་རོགས་ཚུ་དང་གཅིག་ཁར་ མ་རྩ་གཞི་བཙུགས་དང་ དཔལ་འབྱོར་ཡར་འཕར་ དེ་ལས་ ཁེ་ལཱ་གོང་འཕེལ་ཚུ་གི་ འགན་ཁུར་འབག་ནི་ཨིན་པས།
འགན་ཁུར་དེ་ནང་ ཁྲོམ་ཚོགས་ཀྱི་ ཨང་གནས་མཐུད་འབྲེལ་དང་ ཆུར་བརྟེན་གློག་མེ་དང་ ཉི་དྲོད་གློག་མེ་བཟུམ་མའི་ སླར་བྱུང་ནུས་ཤུགས་ཀྱི་ འཐོན་ཁུངས་ཚུ་ནང་ མ་རྩ་གཞི་བཙུགས་ལུ་ འཕུལ་ཤུགས་འབད་ནི་ཚུ་ ཚུད་དོ་ཡོདཔ་ད་ དེ་གིས་སྦེ་ བཙོག་རླུང་ཀཱར་བོན་མེད་པའི་ ནུས་ཤུགས་སྤྱོད་དོན་ལུ་ འཕྲུལ་རིག་བཟོ་གྲྭ་དང་ གནད་སྡུད་ལྟེ་བ་ དེ་ལས་ བློ་རིག་བཅོས་མའི་ཚོང་སྡེ་ཚུ་ གཞི་བཙུགས་དང་ ཁྱབ་སྤེལ་ཚུ་ཡང་ཚུདཔ་ཨིན་པས།
ཨི་ཏོ་ལུ་ འཕྲུལ་རིག་ལས་སྡེའི་ནང་ ཉམས་མྱོང་སྦོམ་ཡོདཔ་ད་ ད་རེས་ ཁོ་ར་ ཅི་བ་འཕྲུལ་རིག་ལས་ཁང་གི་ གཙོ་འཛིན་དང་ མ་ས་ཅུ་སེཊ་ འཕྲུལ་རིག་ལས་ཁང་གི་ བརྒྱ་བརྒྱུད་བརྟག་དཔྱད་ཁང་གི་ མདོ་ཆེན་ཨིནམ་ལས་ སླར་འབྱུང་ནུས་ཤུགས་བཟུམ་མའི་ ཞིབ་འཚོལ་དང་ གོང་འཕེལ་ཚུ་ནང་ དྲག་ཤོས་ཅིག་ཨིན་པས།
དེ་བཟུམ་སྦེ་ རྒྱ་པཱན་ལུ་ཡོད་མི་ ཨང་གནས་མི་སྡེ་ལྷན་ཚོགས་ནང་ ཉམས་མྱོང་ཡོདཔ་མ་ཚད་ མོ་ཛི་ལ་གཞི་ཚོགས་དང་ གློག་ཐོག་སྒེར་གྱི་ བརྡ་དོན་ལྟེ་བའི་ རྒྱལ་སྤྱི་ལས་ཚོགས་ཚུ་གི་ནང་ཡང་ ཉམས་མྱོང་སྦོམ་ཡོདཔ་ཨིན་པས།
ཡི་ཨིན་པང་ལུ་ ཨེ་ཤི་ཡའི་ནང་ སླར་འབྱུང་གནད་དོན་དང་ གཞི་རྟེན་མཁོ་ཆས་གོང་འཕེལ་ཚུ་ནང་ མ་རྩ་གཞི་བཙུགས་ཀྱི་ ཉམས་མྱོང་སྦོམ་ཡོདཔ་ད་ ད་རེས་ ཁོ་གིས་ སུར་བ་ན་ཇུ་རོང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ ཨེ་ཤི་ཡ་ གཞི་རྟེན་མཁོ་ཆས་ལུ་ མ་རྩ་གཞི་བཙུགས་དངུལ་ཁང་གི་ ཡོངས་ཁྱབ་མདོ་ཆེན་སྦེ་ དགེ་ལེགས་ཕུག་ ཁྲོམ་ཚོགས་ཀྱི་ ཡུན་བརྟན་གསུམ་ལྡན་གྱི་ མ་རྩ་གཞི་བཙུགས་ཀྱི་ ཐབས་བྱུས་ལུ་ ལམ་སྟོན་འབད་དེ་ དཔལ་འབྱོར་དང་ མི་སྡེ་ མཐའ་འཁོར་གནས་སྟངས་ཚུ་གི་སྒོ་ལས་ འགན་ཁུར་ཅན་གྱི་ གོང་འཕེལ་ངེས་གཏན་ བཟོ་ནི་ཨིན་པས།
སིའུ་ཧི་ཡང་ལི་དེ་ ཅང་གི་གནམ་ཐང་སྡེ་ཚན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་བགྲེསཔ་ཨིནམ་ད་ ཁོ་ལུ་ ཁྲོམ་ཚོགས་གོང་འཕེལ་དང་ རྒྱལ་སྤྱིའི་མཐུད་འབྲེལ་ནང་ ཉམས་མྱོང་ཚུ་ཡོདཔ་མ་ཚད་ གཞུང་དང་ སྒེར་སྡེ་འི་བར་ན་ གཞི་རྟེན་མཁོ་ཆས་གོང་འཕེལ་དང་ དཔལ་འབྱོར་ཡར་འཕར་གྱི་སྐོར་ལས་ཡང་ གོ་རྟོགས་གཏིང་ཟབ་ཡོདཔ་ལས་ ཁོ་གིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་དེ་ ལུང་ཕྱོགས་དཔལ་འབྱོར་ལྟེ་བ་སྦེ་ དོ་འགྲན་ངེས་གཏན་ བཟོ་ནི་ཨིན་པས།
ཨ་རཱུན་ཀུ་མར་གྱིས་ སྤ་རོ་ལུ་ འབྲུག་རྒྱལ་པོའི་སྤེལ་ཁང་གཞི་བཙུགས་ཀྱི་ འགོ་ཁྲིད་འབད་ཡོདཔ་ད་ ཁོ་ལུ་ སྦྱོང་བརྡར་དང་ ཤེས་རིག་ལམ་ལུགས་ནང་ གོ་རྟོགས་ཆེཝ་ལས་ འབྲུག་པའི་རིག་རྩལ་ ཡར་དྲག་གཏང་ནི་དང་ དགེ་ལེགས་ཕུག་ ཁྲོམ་ཚོགས་ནང་ གཞུང་སྒེར་སྤེལ་ཁང་ཚུ་ནང་ གལ་ཆེ་བའི་ འགན་ཁུར་འབག་ནི་ཨིན་པས།
ཁོ་གིས་ རྒྱ་གར་ལུ་ སློབ་གྲྭ་དྲག་ཤོས་ཚུ་ནང་ འགོ་ཁྲིདཔ་སྦེ་ ལཱ་འབད་ཡོདཔ་མ་ཚད་ བི་རི་ཊིཤ་སློབ་གྲྭའི་ དབུ་འཛིན་དང་ བ་སཱན་ཝེ་ལི་སློབ་གྲྭའི་ དབུ་འཛིན་ དེ་ལས་ ཡིག་ཚང་ལྟེ་བ་ ནིའུ་དིལླི་ལུ་ཡོད་མི་ ལཱན་ཊུ་ཌེ་ཟེ་མིའི་ བཀོད་ཁྱབ་མདོ་ཆེན་ཡང་འབད་ནུག།
ཨམ་ལའུ་རེན་ཅུང་དེ་ རྒྱལ་སྤྱི་གྲོས་སྟོན་ལས་སྡེ་ ཏེ་ནི་ཡོ་གི་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་སྦེ་ རྒྱལ་སྤྱིའི་མཐུན་ལམ་དང་ བརྒྱུད་འབྲེལ་ཐབས་བྱུས་ཚུ་གི་ མཁས་མཆོག་ཨིན་པས།
ཨམ་ལའུ་རེན་དེ་ ལས་འཛིན་བཀོད་ཚོགས་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དེ་ལས་ མ་རྩ་གཞི་བཙུགས་འབད་མི་དང་ གཞུང་དང་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ ཐབས་བྱུས་ཚུ་ འགྲུབ་ནིའི་ནང་ བློ་གཏད་ཚུགས་པའི་ གྲོས་དཔོན་ཅིག་ཨིནམ་ད་ མོ་གིས་ བརྒྱུད་འབྲེལ་གཞི་རྟེན་མཁོ་ཆས་དང་ ལག་རྩལ་གོང་འཕེལ་ལུ་ དགོས་མཁོ་ཆེ་བའི་ ལམ་སྟོན་ཚུ་འབད་ནི་ཨིན་པས།
དེ་སྦེ་ བསྐོ་བཞག་གནང་མི་ཚུ་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ སྤ་རོ་དུང་དཀར་རྫོང་ནང་ འབྲུག་རིག་རྩལ་གསར་བཏོད་གྲོས་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ གྲལ་གཏོགས་འབད་ཡོདཔ་ད་ དེ་བསྒང་ ཇར་ཀེ་ཨིན་ཇེལ་གྱིས་ དགེ་ལེགས་ཕུག་ ཁྲོམ་ཚོགས་ཀྱི་ གཞི་དོན་འཆར་གཞིའི་ཨམ་དེ་ གསལ་བཤད་འབད་ཡོདཔ་ཨིན་པས།
གོང་གསལ་གོང་འཕེལ་དང་ འཕྲུལ་རིག་ ཤེས་རིག་ཚུ་ནང་ ཉམས་མྱོང་དང་ ཤེས་ཚད་སྦོམ་ཡོད་མི་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་འགྱམ་བཙུགས་ནི་ཨིན་པའི་གནས་ཚུལ།
མི་དབང་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་བསྐོ་བཞག།

Related

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།
མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།
སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས། ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]