པདྨ་དབང་འདུས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་གི་གྲས་ལས་ འགོ་དང་པ་ ཝེཊ་ནམ་ལུ་ འབྱུང་རབས་ཅན་གྱི་ གཟིགས་སྐོར་གནང་སྟེ་ སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ རྒྱལ་ཁབ་ནང་ ལོག་ཕེབས་ནུག།
ཉིན་གྲངས་ ༥ གི་ གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ བརྩེ་བའི་སྒོ་ལས་ ཕེབས་བསུ་ཞུ་སྟེ་ ཝེཊ་ནམ་གྱི་ ཆེ་མཐོའི་འགོ་ཁྲིདཔ་དང་ ཚོང་འབྲེལ་འགོ་ཁྲིདཔ་ དེ་ལས་ ས་གནས་ཀྱི་ འགོ་དཔོན་་ཚུ་དང་ ཝེཊ་ནམ་ལུ་ཡོད་མི་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་ཚུ་ ཧ་ནོའི་ལུ་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ ཕྱག་ཕེབས་གནང་ནུག།
སྤྱི་ཟླ་ ༨ པའི་ཚེས་ ༡༩ ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཝེཊ་ནམ་གྱི་ དཔའ་བོ་དང་ རྒྱལ་ཁབ་ཀྱི་དོན་ལས་ རང་སྲོག་བློས་བཏང་མི་ཚུ་གི་ དྲན་རྟེན་དང་ ཝེཊ་ནམ་ལུ་ དེང་དུས་ཀྱི་ གནས་སྟངས་གཞི་བཙུགས་གནང་མི་ སྲིད་འཛིན་ཧོ་ཅི་མིན་གྱི་ སྤུར་ཁང་ནང་ ཐུགས་སྨོན་གནང་པར་ བྱོན་པའི་ཤུལ་ལུ་ སྲིད་འཛིན་གྱི་ཕོ་བྲང་ནང་སྦེ་ གཟིགས་སྐོར་རྟེན་འབྲེལ་ བརྩི་སྲུང་གི་དོན་ལས་ སྲིད་འཛིན་ལུ་ཨོང་ཀུ་ཨོང་དང་ ཨམ་ངུ་ཡེན་ཐི་མིན་ངུ་ཡེཊ་གིས་ ཕེབས་བསུ་ཞུ་ཡོདཔ་མ་ཚད་ མངའ་བདག་བསྟི་སྭ་ཡང་ ཞུ་ཡོདཔ་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ སྲིད་འཛིན་དང་གཅིག་ཁར་ ཟུང་ཕྱོགས་ཀྱི་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ གཞུང་ ༢ ཀྱི་བར་ན་ མཉམ་འབྲེལ་དང་ ཞི་བའི་མཁའ་འགྲུལ་གྱི་ གོ་དོན་ཆིངས་ཡིག་ ༢ ལུ་ཡང་ མཚན་རྟགས་བཀོད་གནང་ནུག།
མི་དབང་ཆོག་གིས་ ཝེཊ་ནམ་གྱི་ ཀ་མུས་ནིཛ་ སྲིད་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཏོ་ལམ་དང་ བློན་ཆེན་ཕམ་མིན་ཅིན་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ཁྲི་འཛིན་ ཊཱན་ཐཱན་མཱན་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།
སྲིད་འཛིན་གྱི་ ཨམ་གིས་ ཕྱག་ཞུ་ཐོག་ལས་ མི་དབང་རྒྱལ་བཙུན་མཆོག་གིས་ ཧ་ནོའི་གི་ ནང་པའི་ལྷ་ཁང་རྙིང་ཤོས་ ཊཱན་ཀུ་ཨོག་ལྷ་ཁང་ནང་ གཟིགས་སྐོར་གནང་ཡོདཔ་ད་ དེ་བསྒང་ ལྷ་ཁང་དེ་གི་ བླ་ཆེན་དམ་པ་ ཐིཆ་ཐཱན་ནྷ་གིས་ ཕེབས་བསུ་ཞུ་ནུག།
ཝེཊ་ནམ་གྱི་ སོ་ནམ་དང་ མཐའ་འཁོར་བློན་པོ་འོགམ་དང་ འཛམ་གླིང་ཡོངས་ཁྱབ་མ་དངུལ་གྱི་ ངོ་ཚབ་ ༢ ཡང་ མི་དབང་རྒྱལ་བཙུན་མཆོག་གི་ སྐུ་མདུན་ལུ་བཅར་ཡོདཔ་བཞིན་དུ་ འབྲུག་དང་ ཝེཊ་ནམ་ ༢ ཀྱི་ ཉམས་སྲུང་དང་ སྐྱེ་ལྡན་རིགས་སྣ་ ཡུན་བརྟན་གོང་འཕེལ་ལ་སོགས་པའི་ མཐའ་དོན་གཅིག་པའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ཡང་ གནང་ཡོདཔ་ཨིན་པས།
གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རིན་པོ་མཆོག་གིས་ གཞན་ཡང་ ཀུ་ཨང་ནིན་མངའ་སྡེའི་ནང་ ཆིབས་བསྐྱོད་གནང་སྟེ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ མཇལ་ཕྲད་མཛད་ཡོདཔ་མ་ཚད་ འཛམ་གླིང་སྤྱི་ཚོགས་ ཤེས་རིག་ཚན་རིག་དང་ ལམ་སྲོལ་ཚོགས་པ་གིས་ འཛམ་གླིང་ལམ་སྲོལ་ས་ཁོངས་སྦེ་ ངོས་འཛིན་འབད་མི་ མཚོ་འགྲམ་ཧ་ལོང་བེ་ཟེར་སར་ཡང་ གཟིགས་སྐོར་གནང་ནུག།
དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཚོང་ལཱ་འབད་མི་དང་ དགེ་སློང་ཚུ་བརྩིས་ཏེ་ ཝེཊ་ནམ་ལུ་ཡོད་མི་ འབྲུག་པའི་མི་སྡེ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
ད་རེས་ཀྱི་ གཟིགས་སྐོར་དེ་གིས་ འབྲུག་དང་ ཝེཊ་ནམ་གྱི་བར་ན་ཡོད་མི་ མཐུན་ལམ་འདི་ བསྐྱར་གསོ་བྱུང་ཡོདཔ་ད་ རྒྱལ་ཁབ་གཉིས་ཆ་རའི་ཁ་ཐུག་ལས་ མ་རྩ་གཞི་བཙུགས་དང་ ཚོང་འབྲེལ་རྐྱངམ་གཅིག་གིས་མ་དོ་བར་ ལམ་སྲོལ་དང་ ཆོས་འབྲེལ་བརྗེ་སོར་ཚུ་གི་སྒོ་ལས་ མཐུན་ལམ་གཏིང་ཟབ་ བཟོ་གནང་ནི་ལུ་ཡང་ ཁས་ལེན་གྲུབ་ནུག།
ཝེཊ་ནམ་གྱི་ འགོ་ཁྲིདཔ་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གོ་སྐབས་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ ཞུ་ཡོདཔ་ད་ དེ་ཡང་ བརྩི་མཐོང་ལུ་བརྟེན་པའི་ ཡུན་བརྟན་གོང་འཕེལ་ གསར་བཏོད་ཅིག་སྦེ་ ངོས་ལེན་འབད་ཡོདཔ་ཨིན་པས།
གཟིགས་སྐོར་མཇུག་སྡུད་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཝེཊ་ནམ་གཞུང་དང་ མི་སེར་ལུ་ བརྩེ་བའི་མགྲོན་སྐྱོང་ཞུ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ཝེཊ་ནམ་གྱི་ འགོ་ཁྲིདཔ་ཚུ་ འབྲུག་རྒྱལ་ཁབ་ནང་ བལྟ་སྐོར་ལུ་ འོང་དགོ་པའི་ མགྲོན་བརྡ་ཚུ་ཡང་ མཛད་གནང་ཡོད་པའི་གནས་ཚུལ།
མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ ཝེཊ་ནམ་ལས་ རྒྱལ་ཁབ་ནང་ ལོག་ཕེབས་ཡོདཔ།

Related

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།
མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།
སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས། ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]