ArchiveAboutContact
Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བང་ལ་དེཤ་ལུ་ གཞུང་དོན་གཟིགས་སྐོར་སྐབས་ཀྱི་ མཉམ་འབྲེལ་གསལ་བསྒྲགས།

· 1 min read

བང་ལ་དེཤ་གི་སྲིད་འཛིན་ མོ་ཧ་མེད་ ཤ་ཧ་བུ་ཌིན་གྱིས་ གདན་འདྲེན་ཞུཝ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཟླ་ ༣ པའི་ཚེས་ ༢༥ ལས་ ༢༨ ཚུན་ བང་ལ་དེཤ་ལུ་ གཞུང་དོན་གཟིགས་གྱི་དོན་ལས་ ཆིབས་བསྐྱོད་གནང་ཡི།
མི་དབང་མངའ་ཞབས་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ རྒྱལ་སྲས་འཇིགས་མེད་ཨྱོན་དབང་ཕྱུག་ རྒྱལ་སྲསམོ་བསོད་ནམས་གཡུ་སྒྲོན་དབང་ཕྱུག་ཚུ་ བྱོན་ཡོདཔ་མ་ཚད་ འབྲུག་གཞུང་གི་ བློན་པོ་ཚུ་དང་ ཆེ་མཐོའི་འགོ་དཔོན་ཚུ་ཡང་ བྱོན་ཡོདཔ་ཨིན་པས།
མི་དབང་མཆོག་ ཌ་ཀ་ལུ་ ཧཱ་རཏ་ཤཱ་ཇ་ལཱལ་ རྒྱལ་སྤྱི་གནམ་ཐང་ནང་ ཕེབས་པའི་སྐབས་ལུ་ བང་ལ་དེཤ་གི་ སྲིད་འཛིན་གྱིས་ དབུ་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་དང་ བང་ལ་དེཤ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕེབས་བསུ་ཞུ་ཡོདཔ་མ་ཚད་ དྲག་པོའི་དམག་སྡེ་གིས་ མངའ་བདག་བསྟི་སྭ་ཡང་ཞུ་ནུག།
སྤྱི་ཟླ་ ༣ པའི་ཚེས་ ༢༥ ལུ་ མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ བང་ལ་དེཤ་གི་ ཡབ་རྗེ་སྦེ་ བརྩི་སྲོལ་ཡོད་མི་ བང་ག་བཱན་དུ་ ཤཱེག་མུ་ཇི་བར་ རེ་མཱན་ལུ་ གུས་བཏུད་ཀྱི་དོན་ལས་ བང་ག་བཱན་དུ་ རྗེས་དྲན་འགྲེམ་སྟོན་ཁང་ནང་ བྱོན་ཡོདཔ་ཨིན་པས།
དེ་ཚེ་ཉིན་མར་ བང་ལ་དེཤ་གི་ ཕྱི་འབྲེལ་བློན་པོ་ ཧ་སཱན་མེ་མུད་ཡང་ མི་དབང་མངའ་བདག་རིན་པོ་མཆོག་གི་ སྐུ་མདུན་ལུ་བཅར་ནུག།
སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ བངྒལ་དེཤ་གི་ རང་དབང་དང་ རྒྱལ་ཡོངས་དུས་ཆེན་ནང་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ གྲལ་གཏོགས་མཛད་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ས་བར་ལུ་ཡོད་མི་ བང་ལ་དེཤ་ རྒྱལ་ཁབ་རང་དབང་གི་དོན་ལས་ རང་སྲོག་བློས་བཏང་མི་ཚུ་གི་ རྒྱལ་ཡོངས་དྲན་རྟེན་ནང་ཡང་ གུས་བཏུད་ཀྱི་ཚུལ་ལུ་ མཚན་དེབ་ནང་ མཚན་རྟགས་བཀོད་གནང་པའི་ཤུལ་ལུ་ ཤིང་གི་ལྕངམ་ཅིག་ཡང་ བཙུགས་གནང་ནུག།
མི་དབང་མངའ་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གིས་ བང་ག་དྷ་བཱན་ལུ་སྦེ་ བང་ལ་དེཤ་གི་ སྲིད་འཛིན་དང་ མཇལ་འཕྲད་མཛད་གནང་ཡོདཔ་ད་ སྤྱི་ཚེས་ ༢༦ ལུ་ སྲིད་འཛིན་གྱིས་ མི་དབང་མཆོག་གི་དོན་ལས་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ བང་ལ་དེཤ་གྱི་བློན་ཆེན་ ཤཱེག་ཧ་སི་ན་དང་ མཇལ་འཕྲད་མཛད་ནུག།
གཟིགས་སྐོར་སྐབས་ལུ་ གཤམ་འཁོད་ཀྱི་ གོ་དོན་ཆིངས་ཡིག་ཚུ་ལུ་ མཚན་རྟགས་བཀོད་ཡོད་མི་དེ་ཡང།
ཀ) ཐིམ་ཕུ་ལུ་ འཚིག་རྨ་སྨན་བཅོས་དང་ ཕྱི་པགས་གཤག་བཅོས་ཀྱི་ ལས་ཚན་གཞི་བཙུགས་དང་ གསོ་བའི་མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག།
ཁ) འབྲུག་གི་ཁ་ཐུག་ལས་ བང་ལ་དེཤ་གི་ས་ཁོངས་ ཀུ་རི་ག་རམ་ལུ་ འབྲུག་པའི་དམིགས་བསལ་གྱི་ དཔལ་འབྱོར་ས་ཁོངས་ གཞི་བཙུགས་འབད་ནི་ལུ་ མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག།
ག) འབྲུག་གི་དོ་འགྲན་དང་ ཉེས་སྤྱོད་དབང་འཛིན་དང་ བང་ལ་དེཤ་གི་ རྒྱལ་ཡོངས་ཉེར་སྤྱོད་ཀྱི་ ཐོབ་དབང་ཉེན་སྲུང་ལས་ཁུངས་ཀྱི་བར་ན་ གོ་དོན་ཆིངས་ཡིག་ཚུ་ཨིན་པས།
གཤམ་འཁོད་ཀྱི་ ཆིངས་ཡིག་ཚུ་བསྐྱར་གསོ།
འབྲུག་དང་ བང་ལ་དེཤ་གི་བར་ན་ ལམ་སྲོལ་མཉམ་འབྲེལ།
ཕྱོགས་གཉིས་ཆ་ར་གིས་ འབྲུག་ལས་ བང་ལ་དེཤ་གི་ མི་མང་གསོ་བའི་ མཐོ་རིམ་སློབ་གྲྭ་ཚུ་ནང་ དྲུང་འཚོའི་མཐོ་རིམ་སློབ་སྦྱོང་འབད་མི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་ ངེས་ཤེས་འདྲོངས་ཡོདཔ་སྦེ་ བཤད་ཡོདཔ་ད་ ད་རེས་ཡོད་མི་ མཉམ་འབྲེལ་དེ་ བཙན་ཐབས་ཁ་སྐོང་དང་འབྲེལ་ཏེ་ བང་ལ་དེཤ་གིས་ དྲུང་འཚོའི་སློབ་སྦྱོང་གི་ ས་སྟོང་ ༢༢ ལས་ ༣༠ གུ་ ཡར་སེང་འབད་ནི་ཨིན་པས།
རྒྱལ་ཁབ་ ༢ ཀྱི་བར་ན་ ལྕོགས་གྲུབ་གོང་འཕེལ་གྱི་ མཉམ་འབྲེལ་ལུ་ གཙོ་བོར་བཟུང་ནི་དང་འབྲེལ་ཏེ་ བང་ལ་དེཤ་གིས་ གཤམ་འཁོད་གནད་དོན་ཚུ་ ལག་ལེན་འཐབ་ནི་ཨིན་པས།
ཀ) བང་ལ་དེཤ་གི་ ཕྱི་འབྲེལ་ཞབས་ཏོག་སྤེལ་ཁང་ ལྕོགས་གྲུབ་གོང་འཕེལ་ལུ་ དོན་གཅོད་སྦྱོང་བརྡར་སྤེལ་ཁང་ནང་ ལོ་བསྟར་བཞིན་དུ་ ས་སྟོང་ ༢ རེ་བཞག་ནི་དང་།
ཁ) ཕྱི་འབྲེལ་ཞབས་ཏོག་སྤེལ་ཁང་གིས་ འབྲུག་ལུ་ དོན་གཅོདཔ་ཚུ་གི་དོན་ལས་ དོན་གཅོད་སྦྱོང་བརྡར་སྤེལ་ཁང་ཅིག་ གཞི་བཙུགས་འབད་ནི་ལུ་ གྲོགས་རམ་འབད་ནི།
ག) བང་ལ་དེཤ་ སོ་ནམ་ཞིབ་འཚོལ་ཚོགས་སྡེའི་ནང་ ལོ་བསྟར་བཞིན་དུ་ འབྲུག་གི་འགོ་དཔོན་ ༧ ལས་ ༡༠ གྱི་བར་ན་འབད་མི་ སྡེ་ཚན་ ༣ རེ་ལུ་ དམིགས་བསལ་གྱི་ སྦྱོང་བརྡར་བྱིན་ནི།
ང་) འབྲུག་གི་འགོ་དཔོན་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་གོང་འཕེལ་གྱི་ ཕན་འདེབས་ལུ་དམིགས་ཏེ་ ལེགས་སྨོན་དང་ མཐུན་ལམ་ལུ་ དམིགས་བསལ་གྱི་ བརྩི་བཀུར་ཐོག་ལས་ བང་ལ་དེཤ་ལུ་ བཟོ་བསྐྲུན་འབད་མི་ གློག་རིག་འཕྲུལ་ཆས་ ཊེབཛ་དང་ ལེབ་ཊོབ་ཚུ་ཕུལ་ནུག།
ཞལ་འཛོམས་སྐབས་ལུ་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ འབྲུག་དང་ བང་ལ་དེཤ་གི་བར་ན་ སྐབས་ཐོག་གི་ མཐུན་ལམ་སྐོར་ལས་ ཐུགས་མཉེས་ཡོད་ལུགས་ཚུ་ བཤད་ཡོདཔ་ད་ དེ་ཡང་ འབྱུང་རབས་འདྲ་བའི་ཁར་ སའི་ཆགས་ཚུལ་ ཐག་ཉེ་མི་དང་ མི་སེར་ཚུ་གི་ ལོངས་སྤྱོད་དང་ གོང་འཕེལ་གྱི་ རེ་འདུན་ཚུ་གུ་ གཞི་བརྟེན་འབད་བའི་ དམིགས་བསལ་གྱི་ མཐུན་ལམ་ཡོད་ལུགས་ཚུ་ཡང་ བཤད་ཡོདཔ་ཨིན་པས།
འབྲུག་མཆོག་གིས་ རྒྱལཔོ་ང་རང་དང་ འཐུས་མི་ཚུ་ བང་ལ་དེཤ་ལུ་ བཞུགས་རིང་གར་ མཐུན་ལམ་ཅན་གྱི་ ཕེབས་བསུ་དང་ མགྲོན་སྐྱོང་གང་དྲག་འབད་མི་ལུ་ ཐུགས་ངལ་རངས་ལུགས་ཚུ་ གསུངས་གནང་ནུག།
བང་ལ་དེཤ་གི་ བློན་ཆེན་གྱིས་ ཧེ་མར་ བང་ལ་དེཤ་གིས་ རྒྱལ་ཁབ་རང་དབང་གི་དོན་ལས་ ཕྱད་མདའ་རྐྱབ་པའི་སྐབས་ལུ་ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱབ་སྐྱོར་གང་དྲག་མཛད་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་་ལུགས་དང་ བང་ལ་དེཤ་ རང་དབང་ཐོབ་པའི་རྗེས་སུ་ སྤྱི་ལོ་ ༡༩༧༡ སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ བང་ལ་དེཤ་དེ་ རང་དབང་ཅན་གྱི་ རྒྱལ་ཁབ་སྦེ་ ངོས་ལེན་གནང་་མི་ཡང་ རྒྱལ་ཁབ་དང་པ་ འབྲུག་རྒྱལ་ཁབ་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
འབྲུག་དང་ བང་ལ་དེཤ་གི་བར་ན་ འབྱུང་རབས་ཅན་གྱི་ འབྲེལ་བ་དེ་ ད་ཚུན་གྱི་བར་ན་ ཕན་ཚུན་ཕན་རླབས་ཆེ་བའི་ མཐུན་ལམ་ལུ་ འགྱུར་ཡོད་མི་དེ་ ངལ་རངས་པའི་ གཞི་ཅིག་ཨིན་ཟེར་ཡང་གསུངས་ནུག།
ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ ལེགས་སྨོན་དང་ མཛའ་བཤེས་ དེ་ལས་ གོ་རྟོགས་ཚུ་ལུ་ གཞི་བརྟེན་འབད་བའི་ མཐུན་ལམ་འདི་ ཁྱིམ་མཚེས་ལེགས་ཤོམ་དང་ ཕན་ཚུན་ལུ་གུས་བཀུར་ དེ་ལས་ མཉམ་འབྲེལ་ཚུ་ཡོད་པའི་ དཔེ་སྟོནམ་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
འབྲུག་དང་ བང་ལ་དེཤ་ རྒྱལ་ཁབ་ ༢ ཀྱི་བར་ན་ སྤྱི་ལོ་ ༢༠༢༣ ལུ་ སྣུམ་འཁོར་འགྲུལ་བསྐྱོད་ཀྱི་ མཐུན་གྲོས་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དེ་གིས་ ཟུང་ཕྱོགས་ཚོང་འབྲེལ་དང་ མཐུད་སྦྲེལ་གསརཔ་གི་ གོ་སྐབས་བཏོན་པའི་ཁར་ ལྷོ་ཨེ་ཤི་ཡའི་ ནང་འཁོད་ལུ་ མཐུད་སྦྲེལ་ཡང་ གོང་འཕེལ་གཏང་ཚུགས་ནི་ཨིནམ་ལས་ ངལ་རངས་ཡོད་ལུགས་ཚུ་གསུངས་ནུག།
ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ ལུང་ཕྱོགས་དང་ ནང་གསེས་ལུང་ཕྱོགས་ཀྱི་ མཐུད་སྦྲེལ་དེ་ དཔལ་འབྱོར་གཅིག་སྒྲིལ་དང་ ཚོང་འབྲེལ་ཡར་དྲག་གི་དོན་ལུ་ མཁོ་ཆེཝ་སྦེ་ དྲན་ཐོ་བཀོད་གནང་སྟེ་ ཟུང་ཕྱོགས་ཀྱི་ མཉམ་འབྲེལ་ནང་ འཁོར་ལམ་བརྒྱུད་པའི་ མཐུད་སྦྲེལ་ལུ་ བརྩོན་ཤུགས་བསྐྱེད་མི་ལུ་ཡང་ ཡིད་ཆེས་འདྲོངས་ཡོདཔ་སྦེ་ཨིན་པས།
འདས་པའི་ལོ་ཚུ་ནང་ འབྲུག་དང་ བང་ལ་དེཤ་གི་བར་ན་ ཚོང་འབྲེལ་གྱི་གནས་ཚད་ ཡར་སེང་འགྱོ་མི་ལུ་ཡང་ ངེས་ཤེས་འདྲོངས་ཡོད་ལུགས་དང་ གནས་སྐབས་ཅིག་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་གྱི་དོན་ལས་ ཕན་ཐབས་ལུ་ འགོ་དང་པ་ཨིན་མི་ གདམ་ཁ་ཅན་གྱི་ ཚོང་འབྲེལ་གན་ཡིག་གུ་ མཚན་རྟགས་བཀོད་མི་ལུ་ཡང་ ཡིད་ཆེས་འདྲོངས་ཡོདཔ་མ་ཚད་ བང་ལ་དེཤ་ལུ་ ནང་འཁོད་ཆུ་ལམ་སྤྱོད་ནི་དེ་ ཐོགས་ཆགས་མེདཔ་ བཟོ་ནིའི་དོན་ལུ་ ཚད་ལྡན་ལག་ལེན་གྱི་ བྱ་སྒོ་བརྩམས་མི་ལུ་ཡང་ ཡིད་ཆེས་ཡོདཔ་སྦེ་གསུངས་ནུག།
འབྲུག་གི་ཁ་ཐུག་ལས་ བང་ལ་དེཤ་གིས་ དགེ་ལེགས་ཕུག་ལས་ ཀི་ལོ་མི་ཊར་ ༡༩༠ གི་ས་ཁར་ བང་ལ་དེཤ་གི་ བྱང་ཕྱོགས་ལུ་ཡོད་མི་ ཀུ་རི་ག་རམ་ཟེར་སར་ དམིགས་བསལ་གྱི་ དཔལ་འབྱོར་ས་ཁོངས་སྦེ་ བྱིན་མི་ལུ་ ངལ་རངས་ཡོད་ལུགས་དང་ རྒྱལ་ཁབ་ ༢ ཀྱི་བར་ན་ དབང་འཛིན་ཚུ་གིས་ གོ་དོན་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་མི་དེ་ཡང་ ངལ་རངས་ཀྱི་ གཞི་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཀུ་རི་ག་རམ་ལུ་ཡང་ གཟིགས་སྐོར་གནང་ཡོདཔ་ད་ དཔལ་འབྱོར་ས་ཁོངས་དེ་གིས་ འབྲུག་དང་ བང་ལ་དེཤ་གི་ ཟུང་ཕྱོགས་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ དེ་ལས་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ལོངས་སྤྱོད་ཡར་སེང་གི་ འདུན་པ་ འགྲུབ་ནི་ལུ་ཡང་ ལྷན་ཐབས་འབྱུང་ནི་ཨིན་པས།
གློག་མེ་དང་ ནུས་ཤུགས་ལས་སྡེ་གིས་ འབྲུག་དང་ བང་ལ་དེཤ་གི་བར་ན་ མཉམ་འབྲེལ་གྱི་ གོ་སྐབས་གལ་ཆེ་དྲགས་ཅིག་སྦེ་ ཐོན་ཡོདཔ་ད་ ཕྱོགས་གཉིས་ཆ་ར་གིས་ འབྲུག་དང་ བང་ལ་དེཤ་ རྒྱ་གར་བཅས་ཀྱི་ ནང་གསེས་ལུང་ཕྱོགས་ཀྱི་ མཉམ་འབྲེལ་བཙན་ཐབས་ལུ་ གློག་མེ་དང་ ནུས་ཤུགས་ལས་སྡེ་དེ་ ཁག་ཆེཝ་ཨིནམ་སྦེ་ བརྩི་འཇོག་འབད་ནུག།
ཕྱོགས་གཉིས་ཆ་ར་གིས་ ལུང་ཕྱོགས་ནང་ ཞི་བདེ་དང་ ལོངས་སྤྱོད་ཀྱི་དོན་ལུ་ ལུང་ཕྱོགས་མཉམ་འབྲེལ་དེ་ ག་ནི་བ་ཡང་ གལ་ཆེཝ་ཨིན་པའི་ ངོས་ལེན་ཡོདཔ་ལས་ རྒྱལ་ཁབ་ ༢ ཀྱིས་ ལུང་ཕྱོགས་མཉམ་འབྲེལ་ ཡར་དྲགས་ངེས་གཏན་བཟོ་ཐབས་ལུ་ སཱག་དང་ བིམཛ་ཊེཀ་བཟུམ་མའི་ ལུང་ཕྱོགས་ཚོགས་པ་ཚུ་ནང་ གཅིག་སྒྲིལ་ཐོག་ལས་ ལཱ་འབད་ནི་གི་ དྲན་ཐོ་ཡང་ བཀོད་ཡོདཔ་ཨིན་པས།
དེ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ གསོ་བ་དང་ ཤེས་རིག་ནང་ཡང་ ཡར་སེང་ཅན་གྱི་ མཉམ་འབྲེལ་གྱི་ གནས་ཚད་སྐོར་ལས་ ངེས་ཤེས་འདྲོངས་ཡོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ ཌ་ཀ་ལུ་ཡོད་མི་ ཤཱེག་ཧ་སི་ན་ རྒྱལ་ཡོངས་འཚིག་རྨ་དང་ ཕྱི་པགས་གཤག་བཅོས་སྤེལ་ཁང་ནང་ གཟིགས་སྐོར་གནང་སྟེ་ སྤེལ་ཁང་དེ་ནང་གི་ འགོ་དཔོན་ཚུ་དང་ དྲུང་འཚོ་ དེ་ལས་ སློབ་ཕྲུག་ཚུ་དང་ འབྲེལ་བ་མཛད་གནང་ནུག།
བང་ལ་དེཤ་གིས་ ཐིམ་ཕུ་ལུ་ཡང་ འཚིག་རྨ་དང་ ཕྱི་པགས་གཤག་བཅོས་ཀྱི་ ལས་ཚན་ཅིག་ གཞི་བཙུགས་འབད་ནི་ཨིན་མི་དེ་ཡང་ འབྲུག་དང་ བང་ལ་དེཤ་གི་བར་ན་ ཟུང་ཕྱོགས་མཉམ་འབྲེལ་ གལ་ཅན་ཅིག་ལུ་ འགྱུར་ནི་ཨིན་པས།
དེ་བཟུམ་སྦེ་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ འདས་པའི་ལོ་ངོ་བཅུ་ཕྲག་ ལེ་ཤ་ཅིག་གི་ ནང་འཁོད་ལུ་ འབྲུག་དང་ བང་ལ་དེཤ་གི་ མི་སེར་ཚུ་གི་བར་ན་ དཔེ་སྟོན་རུང་བའི་ འབྲེལ་བ་ཡོད་མི་ལུ་ ཡི་རངས་ཡོད་ལུགས་དང་ ད་ལས་ཕར་ཡང་ འབྲུག་གི་ཧི་མ་ལ་ཡ་དེ་ བང་ལ་དེཤ་གི་ཁྲོམ་ ཀོག་སིཛ་བ་ཛར་ཟེར་མི་ མཚོ་འགྲམ་དང་ མཐུད་སྦྲེལ་ཐོག་ལས་ མི་སེར་ ༢ ཀྱི་བར་ན་ འབྲེལ་བ་བཙན་ཐབས་འབད་ནི་ཨིནམ་སྦེ་བཤད་ནུག།
འཕྲལ་ཁམས་ཅིག་ཁར་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་ཆུང་ཀུའི་ གནས་ཚད་ལས་ འཕོ་གྱུར་འབད་མི་ལུ་ ངལ་རངས་ཡོད་ལུགས་དང་ བང་ལ་དེཤ་གིས་ཡང་ དེ་བཟུམ་སྦེ་ གནས་ཚད་འཕོ་འགྱུར་གྱི་ བྱ་སྒོ་ཚུ་ གྲུབ་ཚར་ཏེ་ཡོདཔ་ལས་ སྤྱི་ལོ་ ༢༠༢༦ ལུ་ གོང་འཕེལ་ཆུང་ཀུའི་ རྒྱལ་ཁབ་ཀྱི་ གནས་ཚད་ལས་ འཕོ་འགྱུར་འབད་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ ༢ ཀྱིས་ གནས་ཚད་འཕོ་གྱུར་གྱི་ཤུལ་ལས་ རང་སོའི་མི་སེར་ཚུ་ལུ་ ཁེ་ཕན་ཡར་སེང་གི་དོན་ལས་ འབྲེལ་ཡོད་དོ་འགྲན་ཚུ་ བསལ་ཐབས་ནང་ མཉམ་འབྲེལ་འབད་ནི་གི་ ཞལ་འཆམ་ཡང་བྱུང་ནུག།
གཟིགས་སྐོར་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བངལ་དེཤ་ གཞུང་རང་རྐྱང་གིས་ ཟད་འགྲོ་བཏང་སྟེ་ བཟོ་བསྐྲུན་འབད་མི་ ཡ་མཚན་ཅན་གྱི་ པད་མ་ཟམ་ལུ་ཡང་ གཟིགས་སྐོར་གནང་ཡོདཔ་ཨིན་པས།
ཟམ་དེ་གིས་ བང་ལ་དེཤ་གི་ མཐུད་འབྲེལ་ཡར་དྲགས་དང་ དཔལ་འབྱོར་ཡར་འཕར་ལུ་ ཁས་ལེན་ཡོད་པའི་ བརྡ་མཚོན་སྟོན་པའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨ་རའི་ཧ་ཟར་ལུ་ཡོད་མི་ དམིགས་བསལ་གྱི་ དཔལ་འབྱོར་ས་ཁོངས་ནང་ཡང་ གཞི་རྟེན་མཁོ་ཆས་དང་ མཐུན་རྐྱེན་ཚུ་ གཟིགས་ཞིབ་གནང་པར་ བྱོན་གནང་ནུག།
མི་དབང་མངའ་ཞབས་མཆོག་ ཌ་ཀ་ལུ་ བཞུགས་རིང་གར་ དཔལ་འབྱོར་དང་ ཚོང་འབྲེལ་གྱི་ འབྲེལ་བ་གསརཔ་ འཚོལ་ཞིབ་ཀྱི་དོན་ལུ་ བང་ལ་དེཤ་གི་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ མ་རྩ་གཞི་བཙུགས་ཀྱི་ ལྕོགས་གྲུབ་ཡོད་མི་ཚུ་དང་ཡང་ མཇལ་འཕྲད་མཛད་ཡོདཔ་ཨིན་པས།
མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་ བང་ལ་དེཤ་ལུ་ གཞུང་དོན་གཟིགས་སྐོར་གནང་པར་ བྱོན་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ སྔར་སྲོལ་མཛའ་བཤེས་ཀྱི་ མཐུན་ལམ་དང་ མཉམ་འབྲེལ་ ལེགས་སྨོན་ཚུ་ སྔར་བ་ལྷག་པའི་ བཙན་ཐབས་བྱུང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བང་ལ་དེཤ་གི་ སྲིད་འཛིན་དང་ བློན་ཆེན་ ༢ འབྲུག་ལུ་ གཟིགས་སྐོར་གནང་པར་ འབྱོན་དགོ་པའི་ མགྲོན་བརྡ་ཡང་ གནང་ཡོད་པའི་གནས་ཚུལ།

Comments are closed.

Related

Special News

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།

མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

gyalchi
Special News

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

gyalchi
Special News

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།

སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།    ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]

Online now: 34 Today: 3614 Total visitors: 6291