ArchiveAboutContact

Category: World News

World News

པ་པུ་ཨ་ ནིའུ་གི་ནི་ལུ་ ས་རུད་ཆད་མིའི་ནང་ མི་གྲངས་ ༡༠༠ ལྷགཔ་ཅིག་ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ པ་པུ་ཨ་ ནིའུ་གི་ནིའི་ མཐའ་ཟུར་གཡུས་ཚན་ ཀའོ་ཀ་ལམ་ཟེར་སར་ དྲོ་པའི་ཆུ་ཚོད་ ༣ དེ་ཅིག་ཁར་ ས་རུད་སྦོམ་སྦེ་ར་ ཆད་ཡོདཔ་ལས་ མི་གྲངས་ ༡༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ མི་དེ་ཚུ་ག་ར་ གཉིད་ཐལ་སྡོད་པའི་སྐབས་ལུ་ བྱུང་ཡོདཔ་ལས་ གཡུས་ཚན་ཧྲིལ་བུ་ར་ ས་རུད་འོག་ལུ་ ཚུད་ནི་དེ་གིས་ ཤི་རྐྱེན་བྱུང་མི་དེ་ མི་གྲངས་ ༡༠༠ ལས་ ལྷག་འོང་མནོ་བའི་ དོགས་པ་ཡོད་ཟེར་ཨིན་པས།པ་པུ་ཨ་ ནིའུ་གི་ནི་ ཁྲིམས་སྲུང་འགག་སྡེ་གིས་ རྐྱེན་ངན་དེ་གི་སྐོར་ལས་ ག་ནི་ཡང་ བཤད་མ་བཏུབ་མ་ཚད་ གློ་བུར་གྱི་ ཞབས་ཏོག་བྱིན་མི་ཚུ་ཡང་ གཡུས་ཚན་དེ་ནང་ ལྷོད་མ་ལྷོད་ཡང་ ཏན་ཏན་མེདཔ་སྦེ་བཀོད་ནུག།གཡུས་ཚན་ཀའོ་ཀ་ལམ་ལས་ ས་གནས་མ་དང་ལུ་ གཙུག་ལག་སློབ་སྡེའི་ནང་ཡོད་མི་ ནིང་ག་རོ་ལེ་ཟེར་མི་གིས་ གནས་ཚུལ་དེ་ དྲོ་པ་ལས་གོ་ཡི་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ཡོད་མི་ ཁོ་རའི་ཉེ་ཚན་ ༤ ལུ་ཡང་ ཤི་རྐྱེན་བྱུང་ཡོད་པའི་ དོགས་པ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཀེ་ནི་ཡ་ལས་ཨིན་མི་ ཕོ་སྐྱེས་ཅིག་གིས་ གངས་རི་ཨེ་བ་རེཛ་གུ་ འཛེགས་ནི་འབདཝ་ད་ཤི་རྐྱེན།

སི་ཨེན་ཨེན། གངས་རི་གུ་ འཛེགས་ནི་ལུ་ཉམས་མྱོང་ཡོད་མི་ ཀེ་ནི་ཡ་ལས་ ཕོ་སྐྱེས་ཅིག་ ནེ་པཱལ་ལས་ ཤེར་པ་ཅིག་དང་མཉམ་ཅིག་ སྲོག་རླུང་ཁ་སྐོང་མ་འབག་པར་ གངས་རི་ཧི་མ་ལ་ཡའི་རྩེ་གུ་ འཛེགས་ནི་འབདཝ་ད་ བྱང་སྟོར་ཤོར་ཡོདཔ་ཨིན་པས།སྐྱེས་ལོ་ ༤༠ འབད་མི་ ཇོ་ཤུ་ཨ་ཅེ་རུའི་ཡོཏ་ ཀི་རུའི་ཟེར་མིའི་ཕུངམོ་དེ་ གངས་རིའི་རྩེ་ལས་ མི་ཊར་ ༢༠ དེ་ཅིག་གི་ས་ཁ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ འཚོལ་ཐོབ་ནུག།ཨིན་རུང་ ཁོ་གི་མཉམ་རོགས་ ཤེར་པ་དེ་ ད་རེས་ཡང་ འཚོལ་བའི་བསྒང་ར་ཡོདཔ་ད་ ཁོང་ ༢ སྤྱི་ཟླ་ ༥ པའི་ཚེས་ ༢༢ ཀྱི་ དྲོ་པ་ཁམས་ཅིག་ཁ་ལས་ རྒྱང་འཕྲིན་ཐོག་ལུ་ འབྲེལ་བ་འཐབ་མ་ཚུགས་པར་ བྱང་སྟོར་ཤོར་ཡོདཔ་ཨིན་པས།དེ་གི་ཤུལ་ལས་ སྲོག་སྐྱབས་སྡེ་ཚན་ཅིག་གིས་ ཁོང་ ༢ ཀྱིས་ སྒར་བཅགས་སྡོད་ས་དང་ ཁ་བའི་ནང་གི་ འགྲུལ་ལམ་བདའ་སྟེ་ འཚོལ་ཞིབ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ མི་ཁུངས་ལེ་ཤ་ཅིག་དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ས་གནས་ག་ཟ་ལུ་ མཁའ་ཐོག་དང་ ས་ཐོག་ལས་ རྫས་བམ་ཚུ་བཀོག་སྟེ་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༦༠ དེ་ཅིག་ དམར་བསད་འབད་ནུག།དེ་བསྒང་ ཨིཛ་རེལ་གྱི་ དམག་མི་ཚུ་དང་ ཧ་མཱཛ་སྡེ་ཚན་གྱི་ དམག་མི་ཚུ་གི་བར་ན་ ཕྱད་མདའ་ཚབས་ཅན་སྦེ་ར་ ལང་ཡོདཔ་ཨིན་པས།དེ་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟ་ཁྲོམ་སྡེའི་ ནུབ་ཕྱོགས་ལུ་ བཙན་འཛུལ་འབད་ནིའི་དོན་ལས་ ཁྲོམ་སྡེའི་ཤར་ལྷོ་ཁ་ཐུག་ལུ་ མི་རློབས་སྦོམ་ཡོད་མི་ ས་གནས་ཡིབ་ན་ཟེར་སའི་ ས་མཚམས་ཁར་ ལྷོད་པའི་སྐབས་ལུ་ དམག་འཁྲུག་ལང་ནུག།སྤྱི་ཟླ་འདི་ནང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟ་ཁྲོམ་གྱི་ བྱང་ཕྱོགས་དང་ ལྷོ་ཕྱོགས་ཀྱི་ ས་གནས་ཚུ་ནང་ གནོད་འཚུབ་བཀལཝ་ལས་ ས་གནས་དེ་ཚུའི་ནང་སྡོད་མི་ པེ་ལིཛ་ཊིན་གྱི་ མི་ཁུངས་བརྒྱ་ཕྲག་སྦེ་ ས་གནས་གཞན་ཁར་ འབྱོག་འགྱོ་དགོཔ་ བྱུང་ཡོདཔ་ཨིན་པས།ཨིཛ་རེལ་གྱིས་ ག་ཟ་ཁྲོམ་ཁར་ གནོད་འཚུབ་བཀལ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ མི་སེར་ ༣༥,༠༠༠ ལྷགཔ་ཅིག་ དམར་བསད་འབད་བའི་ཁར་ […]

World News

ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ ར་ཤི་ཡའི་ དངུལ་སྐྱེད་ཚུ་ ཡུ་ཀེ་རེན་ལུ་ བྱིན་ནི་གི་གྲོས་ཆོད།

ཨཱལ་ཇ་ཟི་ར། ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ འདས་པའི་བདུན་ཕྲག་ནང་ ཁོང་གི་རྒྱལ་ཁབ་ནང་ཡོད་མི་ ར་ཤི་ཡའི་ དངུལ་ཁང་རྩིས་ཁྲ་ཚུ་ནང་ ཌོ་ལར་ཐེར་འབུམ་ བརྒྱ་ཕྲག་སྦེ་ཡོད་མི་ཚུ་གི་ དངུལ་སྐྱེད་ཚུ་ག་ར་ ཡུ་ཀེ་རེན་ལུ་ གཏང་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ད་ རྩིས་ཁྲ་དེ་ཚུའི་ཐེད་ཁར་ ད་ལྟོ་ གཏན་འཁེལ་མ་བཟོ་བར་ཡོདཔ་ཨིན་པས།དེ་ཡང་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ རྒྱལ་ཁབ་ཚུ་ནང་ ཡུ་རོ་ཐེར་འབུམ་ ༢༡༠ དེ་ཅིག་ཡོད་མི་ཚུ་ ར་ཤི་ཡ་དང་ དམག་འཁྲུག་གི་དོན་ལས་ སྤྱོད་དགོཔ་སྦེ་ སླབ་ཡོདཔ་ད་ ཡུ་རོབ་འཐུས་མི་རྒྱལ་ཁབ་ཚུ་ནང་ཡོད་མི་ ར་ཤི་ཡའི་ དངུལ་ཁང་རྩིས་ཁྲ་ཚུ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ལས་ བཀག་ཆ་འབད་དེ་བཞག་ནུག།ར་ཤི་ཡའི་ དངུལ་ཁང་རྩིས་ཁྲ་ཚུ་ དེ་སྦེ་ བཀག་ཆ་འབད་དེ་ བཞག་པའི་ཤུལ་ལུ་ ད་ཚུན་གྱི་བར་ན་ སྤྱོད་ཐངས་ཀྱི་སྐོར་ལས་ གྲོས་ཐག་བཅད་མ་ཚུགས་པར་ ལུས་ཡོད་རུང་ ད་རེས་ ཡུ་ཀེ་རེན་ལུ་ བྱིན་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ད་ དེ་ཡང་ སྐྱེད་རྐྱངམ་གཅིག་གིས་ར་ ལོ་བསྟར་བཞིན་དུ་ ཡུ་རོ་ཐེར་འབུམ་ ༢.༥ ལས་ ༣ གྱི་བར་ན་ འཐོནམ་ཨིན་པས།གནད་དོན་དེ་གི་སྐོར་ལས་ རྒྱལ་སྤྱི་ཁྲིམས་དོན་མཁས་མཆོག་ཚུ་གིས་ཡང་ […]

World News

ཏ་ཡེ་ཝཱན་གྱི་ ཁྲོམ་ལམ་བདའ་སྟེ་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན།

ཨཱལ་ཇ་ཟི་ར། ཏ་ཡེ་ཝཱན་གྱི་ སྤྱི་ཚོགས་ནང་ བརྟག་དཔྱད་དབང་ཚད་ཀྱི་ དཔྱད་ཡིག་ཅིག་ བཙུགས་ཡོད་མི་དེ་གིས་ སྤྱི་ཚོགས་ཁ་དབྱེ་ཅན་གྱི་ དབང་ཚད་རྒྱ་ཆེ་ཏོག་ཏོ་སྦེ་ར་ རྒྱ་སྐྱེད་འཐོན་ནི་ཨིནམ་ལས་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཁྲོམ་ལམ་བདའ་སྟེ་ ངོ་རྒོལ་འགྲེམ་སྟོན་ཚུ་ འཕྲོ་མཐུད་དེ་ར་འབད་དོ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༡ ལུ་ སྤྱི་ཚོགས་ནང་ དཔྱད་ཡིག་དེ་ ལྷག་ཐེངས་དང་པའི་ཉིན་མར་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ ཁྲིམས་ཟོ་ཚོགས་ཁང་གི་ཕྱི་ཁར་ སྤུངས་འཛོམས་འབད་ནུག།མ་གཞི་ དམངས་གཙོའི་རིང་ལུགས་ ལེ་ཤ་ཅིག་ནང་ དེ་བཟུམ་མའི་ བརྟག་དཔྱད་དབང་ཚད་ཚུ་ཡོད་རུང་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་དཔྱད་ཡིག་དེ་ ཚོགས་རྒྱན་གྱི་ བྱ་སྒོ་ཚུ་ ལེགས་ཤོམ་སྦེ་ མ་གྲུབ་པའི་ཁར་ དཔྱད་ཡིག་དེ་ནང་ དགོས་མཁོ་ཡོད་མི་ འགག་བཤེར་དང་ཚད་མཉམ་ཚུ་ཡང་མེདཔ་ལས་ ལོག་སྤྱོད་བཀག་ཐབས་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།དེ་བཟུམ་སྦེ་ ཞི་བའི་མི་སྡེ་ཚོགས་པ་དང་ ཁྲིམས་དོན་མཁས་མཆོག་ ལེ་ཤ་ཅིག་གིས་ཡང་ དཔྱད་ཡིག་དེ་ འོས་འབབ་མེདཔ་སྦེ་ བཤད་ཡོད་རུང་ ཀུ་ཨོ་མིན་ཏང་ སྲིད་ཚོགས་ཀྱིས་ ཏ་ཡེ་ཝཱན་གྱི་ དམངས་གཙོའི་རིང་ལུགས་ བཙན་ཐབས་ལུ་ དཔྱད་ཡིག་དེ་ དགོས་མཁོ་ཡོདཔ་སྦེ་ གསལ་བཤད་འབད་ནུག།དེ་ལས་ གཞན་ཡང་ […]

World News

ར་ཤི་ཡ་གིས་ འཕྲུལ་སྐར་ཅིག་ གནམ་ཁར་བཏང་མི་དེ་ འཕྲུལ་སྐར་གཞན་ཚུ་ལུ་ གནོད་འཚུབ་བཀལ་ནི་གི་ ནུས་ཤུགས་ཡོད་པའི་དོགས་ཟོན།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་ཧེ་མའི་ནང་ ར་ཤི་ཡ་གིས་ འཕྲུལ་སྐར་ཅིག་ གནམ་ཁར་བཏང་མི་དེ་ འཕྲུལ་སྐར་གཞན་ཚུ་ལུ་ གནོད་འཚུབ་བཀལ་ནི་གི་ ནུས་པ་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།དེ་ཡང་ ར་ཤི་ཡ་གིས་ འཛམ་གླིང་པད་སྐོར་རྐྱབ་མི་ འཕྲུལ་སྐར་ཅིག་ གནམ་ཁར་བཏང་མི་དེ་ མཁའ་ཐོག་གོ་མཚོན་ཚུ་ བཟློག་ཐབས་ལུ་ འོང་ནི་བཟུམ་ཅིག་ཨིནམ་སྦེ་ ཡུ་ཨེཛ་པེན་ཊ་གཱོན་གྱི་མགྲིན་ཚབ་ ཡོངས་ཁྱབ་མདོ་འཛིན་ པེཊ་རའི་ཌར་གྱིས་ གསལ་བཤད་འབད་ནུག།ར་ཤི་ཡའི་ འཕྲུལ་སྐར་དེ་ཡང་ ཡུ་ཨེཛ་གཞུང་གི་ འཕྲུལ་སྐར་ལྡིང་སྐོར་རྐྱབ་སའི་ མཐོ་ཚད་དང་ འདྲ་མཉམ་སྦེ་ཡོདཔ་ལས་ འཕྲོ་མཐུད་དེ་ར་ བལྟ་རྟོག་ཚུ་འབད་དེ་ རང་གི་སྲུང་སྐྱོབ་ལུ་ གྲ་སྒྲིག་འབད་དགོཔ་ཡོད་ཟེར་ཨིན་པས།ར་ཤི་ཡའི་ ཕྱི་འབྲེལ་ལྷན་ཁག་གི་མགྲིན་ཚབ་ མ་རི་ཡ་ཟ་ཁ་རོ་བ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་ཁ་ཐུག་ལས་ མཁའ་དབྱིངས་དེ་ཡང་ དྲག་པོའི་གདོང་ཐུག་གི་ ས་གོ་ཅིག་ལུ་ བསྒྱུར་ཐབས་འབདཝ་མས་ཟེར་ཨིནམ་ད་ དེ་བཟུམ་སྦེ་ དྲག་པོའི་མཁས་མཆོག་ དག་པ་ཅིག་གིས་ར་ འཕྲུལ་རིག་གོང་འཕེལ་ལུ་བརྟེན་ཏེ་ མཁའ་དབྱིངས་དེ་ ཕྱད་མདའ་རྐྱབ་སའི་ ས་གོ་ལུ་ འགྱུར་ཉེན་ཡོད་པའི་སྐོར་ལས་ ཧེ་མ་ལས་ར་ ཉེན་བརྡ་འབད་ནུག།པེན་ཊ་གཱོན་གྱི་ ཁ་ཐུག་ལས་ […]

World News

ལོན་ཌཱོན་ལས་ སིངྒ་པོར་ལུ་ ཕུར་འགྲུལ་འབད་མི་ གནམ་གྲུ་ཅིག་ མཁའ་དབྱིངས་གནས་སྟངས་འཚུབ་དྲགས་དང་ ཁ་ཐུག་རྐྱབ་ཡོདཔ།

ཨེ་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༡ ལོན་ཌཱོན་ལས་ སིངྒ་པོར་ལུ་ ཕུར་འགྲུལ་འབད་མི་ གནམ་གྲུ་ཅིག་ མཁའ་དབྱིངས་གནས་སྟངས་ འཚུབ་དྲགས་དང་ ཁ་ཐུག་རྐྱབ་པ་ལུ་བརྟེན་ཏེ་ གློ་བུར་དུ་ བེང་ཀོག་གནམ་ཐང་ནང་ ཆགས་དགོཔ་བྱུང་ཡོདཔ་ད་ དེ་བསྒང་ གནམ་གྲུ་དེ་ནང་ འགྲུལ་པ་ ༢༡༡ དང་ གནམ་གྲུའི་ལས་བྱེདཔ་ ༡༨ སྡོད་ཡོདཔ་ཨིན་པས།དེ་ཡང་ གནམ་གྲུ་དེ་ མཁའ་དབྱིངས་ལུ་ རླུང་མ་སྤར་ནི་མེད་སར་ལྷོདཔ་ད་ གློ་བུར་དུ་ བབས་ཡར་སོངཔ་ལས་ འགྲུལ་པ་ཚུ་ གར་ལྷོད་གཡུག་བཀོག་བའི་སྐབས་ལུ་ སྐྱེས་ལོ་ ༧༣ འབད་མི་ བི་རི་ཊེན་གྱི་ མི་ཁུངས་ཅིག་ དོན་ཧིང་གག་སྟེ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གནམ་གྲུའི་ལས་བྱེདཔ་ ༡ དང་ འགྲུལ་པ་གཞན་མི་ ༡༨ སྨན་ཁང་ནང་ བསྐྱལ་དགོཔ་བྱུང་མིའི་གྲས་ལས་ འགྲུལ་པ་ ༧ ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་བཀོད་ནུག།སྐྱེས་ལོ་ ༢༨ འབད་མི་ འགྲུལ་པ་ཛ་ཕཱན་ཨཛ་མིར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་དེ་ ཧེ་མ་ར་ […]

World News

ཏ་ཡེ་ཝཱན་གྱི་ སྲིད་འཛིན་གསརཔ་གིས་ རྒྱ་ནག་དང་གཅིག་ཁར་ ཡུན་བརྟན་མཐུན་འབྲེལ།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༨ ལུ་ ཏ་ཡེ་ཝཱན་གྱི་ སྲིད་འཛིན་གསརཔ་ ལེ་ཅིང་ཏེ་གིས་ རྒྱ་ནག་དང་གཅིག་ཁར་ ཡུན་བརྟན་ཅན་གྱི་ མཐུན་འབྲེལ་བཟོ་ནི་སྦེ་ ཁས་བླངས་འབད་ཡོདཔ་ཨིན་པས།སྲིད་འཛིན་ལེ་གིས་ སྲིད་འཛིན་བགྲེསཔ་ ཨམ་ཙ་ཡེ་ཨིང་ཝེན་གྱི་འོག་ལུ་ འདས་པའི་ལོ་ངོ་ ༤ གི་རིང་ལུ་ སྲིད་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ད་ ཁས་བླངས་དེ་ཡང་ ད་རེས་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ མཁའ་དབྱིངས་ནང་ ཧམ་འཛུལ་ཚུ་འབད་དེ་ རྒྱ་ནག་གི་འོག་ལུ་ འཛུལ་དགོ་པའི་ ཨེབ་ཤུགས་ཅན་གྱི་ གནས་སྟངས་ནང་ སྲིད་འཛིན་གྱི་ ཕྱག་ལཱ་གནང་ནི་ འགོ་བཙུགས་རྟེན་འབྲེལ་སྐབས་ལུ་ གསལ་བཤད་འབད་ནུག།སྐྱེས་ལོ་ ༦༤ འབད་མི་ སྲིད་འཛིན་ལེ་གིས་ རྒྱ་ནག་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་ནི་གི་ མཁོ་འདོད་ཡང་བསྐྱར་བཀོད་ཡོད་རུང་ རྒྱ་ནག་གི་ཁ་ཐུག་ལས་ ངོས་ལེན་མེདཔ་ཨིན་པས།ཨིན་རུང་ སྲིད་འཛིན་ཙ་ཡེ་གིས་ འགོ་བཙུགས་བཞག་མི་ ཡུན་བརྟན་མཐུན་འབྲེལ་གྱི་ ཐབས་ལམ་སྐོར་ལས་ གསུང་གྲོས་ཚུ་ གནང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨཱཕ་གྷ་ནིཛ་ཏཱན་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ སི་པེན་གྱི་ བལྟ་བཤལཔ་ ༣ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༥ པའི་ཚེས་ ༡༧ ལུ་ ཨཱཕ་གྷ་ནིཛ་ཏཱན་གྱི་ དབུས་ཕྱོགས་མངའ་སྡེ་ བམ་ཡཱན་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ སི་པེན་གྱི་ བལྟ་བཤལ་པ་ ༣ དམར་བསད་འབད་ནུག།དེ་ཡང་ ཨཱཕ་གྷ་ནིཛ་ཏཱན་ ཏ་ལི་བཱན་གཞུང་གི་ ནང་སྲིད་ལྷན་ཁག་ལས་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཀྲོབ་མདའ་འབག་ཚུ་གིས་ གནོད་འཚུབ་བཀལ་བའི་སྐབས་ལུ་ ཕྱི་ཁའི་བལྟ་བཤལཔ་ ༣ དང་ ཨཱཕ་གྷ་ནིཛ་ཏཱན་གྱི་ མི་ཁུངས་ ༡ ལུ་ ཤི་རྐྱེན་བྱུང་པའི་ཁར་ བལྟ་བཤལཔ་ ༤ དང་ ཨཱཕ་གྷན་ གྱི་ མི་ཁུངས་ ༣ ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།སི་པེན་གྱི་བློན་ཆེན་ པེ་ཌོ་སཱན་ཅེཛ་གིས་ མི་སྡེ་བརྡ་བརྒྱུད་ནང་ ཨཱཕ་གྷ་ནིཛ་ཏཱན་ལུ་ སི་པེན་གྱི་ བལྟ་བཤལ་པ་ཚུ་ རྐུ་གསོད་རྐྱབ་སྟེ་ དམར་བསད་འབད་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིན་པས་ཟེར་བཀོད་ནུག།དེ་བཟུམ་མའི་ བྱ་ངན་འབད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ གསལ་ཏོག་ཏོ་སྦེ་ ཧ་གོ་མ་ཚུགསཔ་ད་ དེ་བསྒང་ བྱ་ངན་འབད་མི་ ༣ ཡང་ འཛིན་བཟུང་འབད་ནུག་ཟེར་ […]

World News

ཨཱཛ་ཊེ་ལི་ཡར་ པེ་ལིཛ་ཊིན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན།

སི་ཨེན་ཨེན། པེ་ལིཛ་ཊིན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཨཱཛ་ཊེ་ལི་ཡ་ མེལ་བཱོན་གཙུག་ལག་སློབ་སྡེའི་ སྒྲིང་ཁྱིམ་ཅིག་ནང་འཛུལ་ཏེ་ ངོ་རྒོལ་འགྲེམ་སྟོན་འབདཝ་ལས་ སློབ་ཕྲུག་སྟོང་ཕྲག་ལས་བཅད་མི་ཚུ་ ཤེས་ཡོན་སྦྱང་ནི་ལུ་ བར་ཆད་བྱུང་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ མ་ཡེ་ཀེལ་ ཝེཛ་ལེ་གིས་ བརྙན་ཐུང་ཐོག་ལས་ བརྡ་དོན་ཁྱབ་སྤེལ་འབད་མིའི་ནང་ སློབ་ཕྲུག་ཚུ་ལུ་ ངོ་རྒོལ་འགྲེམ་སྟོན་འབད་ནི་གི་ རང་དབང་ཡོད་རུང་ ག་མནོཝ་འབད་ནི་ལུ་ མཚམས་ཚོད་ཡོད་ཟེར་བཤད་ནུག།དེ་བཟུམ་སྦེ་ ཁྲི་འཛིན་འོགམ་གིས་ཡང་ སྒྲིང་ཁྱིམ་ནང་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ སྒྲིང་ཁྱིམ་དེ་ནང་ལས་ འཐོན་མ་འགྱོ་བ་ཅིན་ ལཱ་ཁག་འོང་ནི་ཨིན་པའི་ ཉེན་བརྡ་ཡང་འབད་ཡོདཔ་ཨིན་པས།ག་དེ་སྦེ་ར་ཨིན་རུང་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ཚུན་ལུ་ ཆོས་ཚན་དུས་ཚོད་ཁག་ ༡༥༠ དེ་ཅིག་ མཚམས་འཇོག་འབད་དགོཔ་ ཐོན་ཡོདཔ་ལས་ གཙུག་ལག་སློབ་སྡེ་དེ་གི་ སློབ་ཕྲུག་དང་ ལེགས་སྦྱར་བ་ ༦,༠༠༠ དེ་ཅིག་ལུ་ སློབ་སྟོན་གྱི་ བར་ཆད་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 10 Today: 1712 Total visitors: 15075