སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པའི་ འགོ་འབྱེད་རྟེན་འབྲེལ།
གནམ་ལོ་ཆུ་ཡོས་ཟླཝ་ ༨ པའི་ཚེས་ ༡༧ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་པའི་ཁར་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་དཔོན་ཁག་ ཕྱི་འབྲེལ་དོན་གཅོད་སྐུ་ཚབ་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ལས་ འབྲུག་མི་ཡོངས་ཀྱི་ བསོད་ནམས་ཀྱི་ བགོ་སྐལ་ལུ་ ཡེ་ཤེས་མཁའ་འགྲོ་མའི་རྣམ་སྤྲུལ་ རིན་ཐང་དང་བྲལ་བའི་ ཡིད་བཞིན་གྱི་ནོར་བུ་ མི་དབང་རྒྱལ་སྲསམོ་ཅིག་ སྐུ་འཁྲུངས་གནང་མི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ ཞུ་བའི་ཁར་ མི་དབང་རྒྱལ་སྲསམོ་མཆོག་ སྐུ་ན་རིམ་གྱིས་བཞེས་ཏེ་ འཚོ་ཞིང་བཞེས་པའི་ བཀྲིས་སྨོན་ལམ་ཡང་ཞུ་ཡི།དེ་བཟུམ་སྦེ་ སྤུངས་ཐིམ་གཞུང་གྲྭ་ཚང་གིས་གཙོས་པའི་ གྲྭ་ཚང་ཆོས་སྡེ་ཁག་ལུ་ འབྱོར་པ་དང་ལྡན་པའི་ མི་སེར་ཚུ་གིས་ སྔར་སྲོལ་ཐུན་མོང་མ་ཡིན་པའི་ ཡོ་བྱད་སྦྱར་སྲོལ་ཡོད་མི་དེ་ཡང་ རྒྱལ་ཁབ་གོང་འཕེལ་གྱི་ འགྱུར་བ་དང་བསྟུན་ཏེ་ […]
