ཀ་དག་གདོད་མའི་མགོན་པོ་པདྨ་འབྱུང་། །ཁ་བཞི་ལྷ་ཡི་སྦས་གནས་དུར་ཤིང་འོག །ག་ནས་མཇལ་ཀྱང་མཛེས་སོ་དྲན་ཤེས་ཁྲོམ། །ང་ཅག་ཆོས་རྒྱལ་ཐུགས་ལས་བསྐྲུན་པ་ལགས། །
ཅ་ཅོ་སྒྲ་མེད་ཡིད་འོང་དགེ་ལེགས་ཕུག །ཆ་རྐྱེན་བླ་སྤྲུལ་གྲངས་མེད་སྤྱན་དྲངས་ནས། །ཇ་ཆང་འདོད་ཡོན་ལོངས་སྤྱོད་བརྒྱ་ཚོ་བཅས། །ཉ་མོ་ཆུ་རྩལ་ངོམ་བཞིན་དགྱེས་པའི་ངང་། །
ཏ་ཐ་ག་ཏའི་ཐུགས་རྟེན་བརྒྱ་དང་བརྒྱད། །ཐ་མལ་མི་ཡི་བློ་ལ་ཤོང་དཀའ་བའི། །ད་བར་འབྱུང་མེད་དུས་བཟང་ཉིན་གཅིག་ལ། །ན་མོ་མཐོང་གྲོལ་བྱང་ཆུབ་མཆོད་རྟེན་བཞེངས། །
པ་སངས་ལྟར་དཀར་རྒྱལ་པོའི་ཐུགས་བསྐྱེད་ཀྱི། །ཕ་གུ་དྲྭ་བ་དབང་གཞུའི་འདོད་སྣམ་དང་། །བ་གམ་བཀོད་ལེགས་གཟུངས་བཞུགས་བྱིན་ལྡན་བཅས། །མ་གྷ་དྷ་ཡི་མཆོད་སྡོང་གླིང་འདིར་བྱོན། །
ཙ་ད་གདན་སྟེང་བཅོམ་ལྡན་ཐུབ་དབང་རྗེ། །ཚ་ངར་ཉོན་མོངས་བདུད་བཞི་བཅོམ་པ་ཡི། །ཛ་ཡ་མངོན་པར་རྫོགས་པའི་གོ་འཕང་བརྙེས། །ཝ་ལེར་བྱང་ཆུབ་མཆོད་རྟེན་བཞེངས་པར་གྲགས། །
ཞ་ལྟར་མཐོ་བའི་མཆོད་རྟེན་གསེར་གྱི་ཏོག །ཟ་བེར་ཁྲི་སྟེང་བླ་ཆེན་བརྒྱ་ཕྲག་ནས། ། འ་འུར་མི་མང་མ་ཎི་གདངས་དབྱངས་ལེན། །ཡ་མཚན་རབ་གནས་གནང་ནས་གསོལ་བ་འདེབས། །
ར་བས་གངས་བསྐོར་འབྲུག་ཡུལ་དགེ་ལེགས་ཕུག །ལ་བ་ཆེ་འདྲའི་ཐབས་ཤེས་ཟུང་འཇུག་ཐོག །ཤཱ་ཀྱའི་རྗེས་འཇུག་ཐེག་པ་གསུམ་པོ་རྣམས། །ས་གསུམ་རབ་དགའི་སྒྲ་དབྱངས་གླིང་འདིར་སྒྲོགས། །
ཧ་ཅང་འཛམ་གླིང་ནད་མུག་མཚོན་གྱི་རྒུད། །ཨ་ཧོ་དཀར་ཕྱོགས་རྒྱལ་བའི་སྨོན་ལམ་འགྲུབ། །རྒྱལ་བསྟན་དར་ཞིང་དཔལ་འབྱོར་གོང་དུ་འཕེལ། །འཛམ་གླིང་ཞི་བདེའི་འབྱུང་བའི་བཀྲ་ཤིས་ཤོག །
ཅེས་པའང་འབྲུག་རྒྱལ་ལྔ་པ་ མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྔོན་ཆོས་རྒྱལ་མྱ་ངན་མེད་ནས་ མཆོད་རྟེན་བྱེ་བ་བཞེངས་པའི་ལོ་རྒྱུས་དང་ བར་དུ་བོད་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ བོད་ཡུལ་དང་ ཐག་ཉེ་ཡུལ་ལུང་རྣམས་སུ་ མཐའ་འདུལ་ཡང་འདུལ་གྱི་ ལྷ་ཁང་བརྒྱ་དང་བརྒྱད་ ཉིན་གཅིག་ལ་བཞེངས་པ་ལྟ་བུ། ད་ལྟ་འཛམ་གླིང་དམག་འཁྲུགས་མཚོན་གྱི་རྒུད་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་འདིར་ འབྲུག་ཆོས་རྒྱལ་ཆེན་པོས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ནང་ འཛམ་གླིང་ཞི་བདེའི་དོན་དུ་ ངོ་མཚར་བའི་མཛད་པ་རླབས་ཆེན་ བདེ་གཤེགས་མཆོད་སྡོང་ཆེན་པོ་བརྒྱ་དང་བརྒྱད་ ཉིན་གཅིག་ལ་བཞེངས་པའི་དུས་བཟང་ཉིན་ལ་ མངའ་འབངས་སུ་གཏོགས་པ་ མི་སྨྱོན་ཨོ་རྒྱན་གསང་བདག་པས་ ཀ་རྩོམ་བསྟོད་བསྔགས་བཀྲ་ཤིས་གཡས་སུ་འཁྱིལ་བ་བྲིས་པ་ དགེ་ལེགས་འཕེལ། རང་ཉིད་ནས་ཀྱང་ མཆོད་སྡོང་ཆེན་པོའི་གཟུངས་བཞུགས་མེ་ཏོག་ཆུང་རུ་མཆོད་པའི་རྫས་སུ་དམིགས་སྟེ་ དུང་དཀར་གཡས་འཁྱིལ་ཆུང་བ་བརྒྱ་དང་བརྒྱད་ རྡོ་རྗེ་ཕ་ལམ་བརྒྱ་དང་བརྒྱད་ ཨིནྡ་ནཱི་ལ་རྒྱ་དང་བརྒྱད་ པདྨ་རཱ་ག་བརྒྱ་དང་བརྒྱད་ བེཌུ་རྱ་བརྒྱ་དང་བརྒྱད་ ནོར་བུ་སྣ་ཚོགས་ འབྲུག་དངུལ་སྟོང་བརྒྱ་དང་བརྒྱད་ཕུལ་བབའི་དགེ་བའི་རྩ་བ་ མི་དབང་མངའ་བདག་རྒྱལ་པོ་མཆོག་གི་ ཐུགས་དགོངས་འགྲུབ་པའི་དཔལ་དུ་སརྦ་མངྒ་ལམ།



Leave a Reply