ནེ་པཱལ་ལུ་ གཙང་ཆུ་སྦོམ་ཅིག་ལས་ ཆུ་རུད་ཐོན་པ་ལུ་བརྟེན་ཏེ་ ཁྱིམ་དང་ ཟམ་ཚུ་ ཕྱགས་བདའ་ཡོདཔ།
བི་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནེ་པཱལ་ལུ་ གཙང་ཆུ་སྦོམ་ཅིག་ལས་ ཆུ་རུད་ཐོན་པ་ལུ་བརྟེན་ཏེ་ ཁྱིམ་དང་ ཟམ་ཚུ་ ཕྱགས་བདའ་ཡོདཔ་མ་ཚད་ གློག་མེ་འཕྲུལ་ཁང་གི་ ཆ་ཤས་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡི་ཟེར་ཨིན་པས།
དེ་བསྒང་ དབུས་ཕྱོགས་རྫོང་ཁག་ གོར་ཁ་ལུ་ བུ་དྷི་གཱན་ཌ་ཀི་ གཙང་ཆུའི་མཐའ་མ་ལས་ ཕྱི་མི་ ༩ རྩིས་ཏེ་ མི་གྲངས་ ༩༥ དེ་ཅིག་ ཉེན་སྐྱོབ་འབད་ཡོད་རུང་ གཞན་མི་ ༥ དེ་ཅིག་ བྱང་སྟོར་ཤོར་ཡོདཔ་སྦེ་བཀོད་ནུག།
རྒྱལ་ཁབ་དེ་ནང་ ཟླཝ་ ༢ ཀྱི་ཧེ་མ་ཡང་ བོད་དང་མཐུད་སྦྲེལ་ཡོད་མི་ ས་མཚམས་ཁྲོམ་སྡེ་ཚུ་ནང་ ཆུ་རུད་ཐོན་ཡོདཔ་ལས་ མི་གྲངས་ ༡,༤༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྟོང་ཕྲག་ལས་བཅད་དེ་ བྱང་སྟོར་ཡང་ ཤོར་ཡོདཔ་ཨིན་པས།
ནེ་པཱལ་གྱི་ དུས་སྟོན་གལ་ཅན་ཅིག་ཨིན་མི་ དཱ་ཤཱ་ཡིན་དུས་སྟོན་ བརྩི་སྲུང་གི་དོན་ལས་ ཨ་ལུ་དང་ མི་སྡེ་ཚུ་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་ གྲ་སྒྲིག་འབད་བའི་ ཉིནམ་དང་པའི་ཚེ་ར་ གོར་ཁ་རྫོང་ཁག་ནང་ ཆུ་རུད་ཐོན་ནུག།
ས་གནས་ཀྱི་ འགོ་དཔོན་ཅིག་གིས་ གཞིས་ཆགས་ལ་ལུ་ཅིག་དང་ རྩ་བ་ལས་ར་ འབྲེལ་བ་འཐབ་མ་ཚུགསཔ་ བཟོ་ཡོདཔ་ལས་ གནམ་གྲུ་ཐོག་ལས་རྐྱངམ་གཅིག་ འགྱོ་ཚུགས་ཟེར་ཨིན་པས།
ནེ་པཱལ་དམག་སྡེ་གིས་ འཚོལ་ཞིབ་དང་ ཉེན་སྐྱོབ་ཀྱི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༤ ལག་ལེན་འཐབ་སྟེ་ ལཱ་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Leave a Reply