ArchiveAboutContact
National News

ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ གནས་སྐབས་ཅིག་ གཡོག་ནང་ལས་དགོངས་ཕོག།

· 1 min read

སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ མངོན་མཐོ་ཁྲིམས་འདུན་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ གནས་སྐབས་ཅིག་གི་དོན་ལས་ དགོངས་ཕོག་བཏང་ཡི་ཟེར་ཨིན་པས།
དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་ ༡ པའི་ དྲང་དཔོན་པདྨ་རིག་འཛིན་དང་ དྲང་དཔོན་ཚེ་རིང་རྡོ་རྗེ་ ༢ ཨིནམ་ད་ ཁོང་ ༢ ཀྱིས་ ཤེས་བཞིན་དུ་ སྨྱོ་རྫས་ནག་ཚོང་དང་འབྲེལ་བའི་ རྩོད་ཟླ་ ༢ ཀྱི་ རྩོད་བཤེར་ནང་ དྲང་ཁྲིམས་ལོག་སྤྱོད་འབད་བའི་ གནད་ལུ་བརྟེན་ཏེ་ དེ་འཕྲལ་ལས་ དགོངས་ཕོག་ཨིན་པའི་ བཀའ་རྒྱ་བཏོན་ནུག།
རྩོད་ཟླ་ ༢ ཀྱི་གྲས་ལས་ ༡ པོ་དེ་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་ཅིག་གི་ བུ་ཨིནམ་ད་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཨེཛ་པི་པ་ལཱཛ་ཟེར་མི་ སྨྱོ་རྫས་འབག་སྟེ་ཡོད་མི་ རྩོད་ཟླ་གཞན་མི་གིས་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་ཅིག་གི་བུ་དེ་ སྨྱོ་རྫས་བཀྲམ་སྤེལ་འབད་མི་ཨིནམ་སྦེ་ མིང་བཏོན་ཡོདཔ་ཨིན་པས།
དེ་སྦེ་ སླབ་མི་དང་འཁྲིལ་ཏེ་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོད་པའི་ བུ་དང་གཅིག་ཁར་ ཨེཛ་པི་པ་ལཱཛ་ཟེར་མི་ སྨྱོ་རྫས་འབོར་ཆེ་ཏོག་ཏོ་ཡོདཔ་ལས་ སྤྱི་ལོ་ ༢༠༡༩ ལུ་ རྩོད་དཔོན་ཡོངས་ཁྱབ་ ཡིག་ཚང་ལས་ ཁོང་ ༢ སྨྱོ་རྫས་ལག་བཞག་དང་ ནག་ཚོང་དང་འབྲེལ་བའི་ ཉེས་འཛུགས་ཐོག་ལུ་ ཁྲིམས་སར་བསྐྱལ་ནུག།
མ་གཞི་ ཐིམ༌ཕུ༌རྫོང༌ཁག་ཁྲིམས༌འདུན༌གྱིས༌ རྩོད་ཟླ་ ༢ ལུ་ ལོ་ངོ་ ༥ རེའི་ བཙོན་ཁྲིམས་བཀལ་བའི་ཤུལ་ལས་ རྩོད་ཟླ་ ༢ ཀྱིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ་ལས་ རྩོད་བཤེར་དེ་ ཁྲིམས་ཁྲི་དང་པར་ གནང་ཡོདཔ་ཨིན་པས།
རྩོད་བཤེར་སྙན་གསན་གྱི་ དུས་ཡུན་ནང་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་དང་ ད་རེས་ཀྱི་ རྩོད་དཔོན་ཡོངས་ཁྱབ་ དེ་ལས་ ཁྲིམས་ཁྲི་ ༡ པའི་ དྲདཔོན་ཅིག་ ཕ་ཇོ་ལྡིང་ལུ་ ཉིན་ཞག་ ༡ གི་ འགྲོ་འགྲུལ་ནང་ སོང་བའི་ཤུལ་ལས་ ཆེ་མཐོའི་ཁྲིམས་ཁྲི་ ༡ པ་ལས་ རྩོད་ཟླ་ ༢ ཀྱི་ ཆབ་གསང་བརྟག་དཔྱད་འབདཝ་ལས་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ གྲུབ་འབྲས་ཐོན་ནུག།
དེ་འབདཝ་ལས་ ཐོག་མའི་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་ངོ་ ༥ རེ་ བཀལ་མི་དེ་ བསྒྱུར་བཅོས་འབད་དེ་ ཟླཝ་ ༣ དང་ ༦ གི་བར་ན་ ཀུན་སྤྱོད་བསྐྱར་གསོ་ལྟེ་བའི་ནང་ འགྱོ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
འབྲུག་གི་སྨྱོ་རྫས་ལོག་སྤྱོད་ བཅའ་ཁྲིམས་ལྟར་དུ་འབད་བ་ཅིན་ སྨྱོ་རྫས་ལོག་སྤྱོད་འབད་མི་ལུ་ ཆེད་དུ་བཀོད་པའི་ དུས་ཡུན་ནང་ ཀུན་སྤྱོད་བསྐྱར་གསོ་ལྟེ་བའི་ནང་ ངེས་པར་དུ་ སྡོད་གོཔ་ད་ སྨྱོ་རྫས་ནག་ཚོང་འཐབ་མི་དེ་ ཉེས་ལས་ཚབས་ཆེན་སྦེ་ བརྩི་དགོཔ་ཨིན་ཟེར་བཀོད་ནུག།
དེ་ཁ་ལུ་ རྩོད་ཟླ་ ༡ སྤྱི་ལོ་ ༢༠༡༥ ལུ་ཡང་ ཉེས་པ་གཅིག་མཚུངས་ཐོག་ལུ་ ཉེས་ཁྲིམས་ཕོག་མི་ཅིག་འབདཝ་ལས་ ཉེས་པ་བསྐྱར་ཟློས་ཅན་ཨིན་པའི་ མངོན་རྟགས་རྒྱ་ཆེཝ་སྦེ་ཡོད་རུང་ ཁྲིམས་ཁྲི་ ༡ པའི་ནང་ལས་ ངོས་ལེན་མ་འབད་བས་ཟེར་ཨིན་པས།
མ་གཞི་ ཨ་རྟག་འབད་བ་ཅིན་ རྩོད་པོན་ཡོངས་ཁྱབ་ཡིག་ཚང་གིས་ དེ་བཟུམ་མའི་ འཁྲུན་ཆོད་བསྒྱུར་བཅོས་སྐོར་ལས་ མཐོ་གཏུགས་ཞུ་ནི་ཡོད་རུང་ གནད་དོན་དེ་གི་ཐེད་ཁར་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་མ་ཞུ་བས་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གནད་དོན་དེ་ དྲང་ཁྲིམས་ལྷན་སྡེ་གིས་ འཕྲལ་ཁམས་ཀྱི་ གཞི་སྒྱུར་དང་ བརྟག་ཞིབ་ནང་ བྲེལ་ཟིང་ཅན་གྱི་ འཁྲུན་ཆོད་ཚུ་ བརྟག་ཞིབ་འབད་བའི་སྐབས་ལུ་ ཉོག་སེལ་ལས་ཚན་གྱིས་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་དང་ རྩོད་པོན་ཡོངས་ཁྱབ་ དེ་ལས་ རྩོད་བཤེར་ཕྱེ་མི་ དྲང་དཔོན་ཚུ་གི་བར་ན་ ཁ་མཐུད་ཀྱི་ ཉོག་བཤད་ཐོབ་ཡོད་མི་ཚུ་ བསྐྱར་ཞིབ་འབདཝ་ད་ བདའ་ཟུན་ཡོདཔ་ཨིན་པས།
དེ་ཡང་ མངོན་མཐོ་ཁྲིམས་འདུན་ལས་ ཆེ་མཐོའི་འགོ་དཔོན་ ༣ གྱི་ ཚོགས་ཆུང་དེ་གི་ ཉོག་བཤད་ཀྱི་ བདེན་རྫུན་དཔྱད་དེ་ཕུལ་བའི་ སྙན་ཞུ་གུ་ གཞི་བརྟེན་ཐོག་ལས་ དྲང་ཁྲིམས་ཀྱི་ མཐའ་དོན་དང་ ཁྲིམས་ཀྱི་རིང་ལུགས་ལུ་ བརྩི་བཀུར་གྱི་དོན་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ གནད་དོན་དེ་ བསྐྱར་ཞིབ་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་སྦེ་ མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ ཆེ་མཐོ་ཁྲིམས་འདུན་ལས་ དམིགས་བསལ་ཁྲིམས་ཁྲི་ཅིག་གིས་ བསྐྱར་ཞིབ་མཐིལ་ཕྱིན་འབད་བའི་ཤུལ་ལས་ དྲང་ཁྲིམས་ལོག་སྤྱོད་ ངེས་བདེན་འབད་ཡོདཔ་སྦེ་ ཐོན་སོང་པ་ལུ་བརྟེན་ཏེ་ སྨྱོ་རྫས་དང་འབྲེལ་བའི་ འཁྲུན་ཆོད་དེ་ ལོག་སྟེ་ར་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་འབད་བའི་ཤུལ་ལས་ རྩོད་ཟླ་ ༢ ཀྱིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུཝ་ད་ མངོན་མཐོ་ཁྲིམས་འདུན་ལས་ དམིགས་བསལ་ཁྲིམས་ཁྲིའི་ འཁྲུན་ཆོད་དེ་ དྲང་བདེན་དང་ ཁྲིམས་ཀྱི་བྱ་སྒོ་ཚུ་དང་འཁྲིལ་ཏེ་ ལག་ལེན་འཐབ་ཡོདཔ་ལས་ མཐོ་གཏུགས་དེ་ ཕྱིར་བུད་གནང་ཡོདཔ་ཨིན་པས།.
ད་རེས་ དྲང་དཔོན་ ༢ གནས་སྐབས་ཅིག་ དགོངས་ཕོག་བཏོན་མི་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༢༡ པ་དང་འཁྲིལ་ཏེ་ དྲང་ཁྲིམས་ལྷན་སྡེའི་ འགན་ཁུར་ལྟར་དུ་ཨིནམ་ལས་ དྲང་ཁྲིམས་ལྷན་སྡེ་གིས་ དྲང་ཁྲིམས་དང་ དྲང་བདེན་གྱི་གཞི་ལུ་ ཁས་ལེན་ཡོད་པའི་ རྟགས་མཚན་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 8 Today: 1284 Total visitors: 8504