ArchiveAboutContact

Month: March 2025

Special News

དགེ་ལེགས་ཕུག་ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཞི་ཁྲོ་ངན་སོང་སྦྱོང་བའི་དབང་ལུང་།

གནམ་ལོ་ཤིང་མོ་སྦྲུལ་ལོ་ རང་ཟླ་དང་པའི་ཚེས་ ༧ སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ ཐུབ་བསྟན་ཆོས་འཁོར་ཐང་ནང་སྦེ་ ཞི་ཁྲོ་ངན་སོང་སྦྱོང་བའི་ བཀའ་དབང་གི་ སྟ་གོན་ཐོག་ལས་ ཀློང་ཆེན་སྙིང་ཐིག་ རྩ་པོད་ཀྱི་ སྨིན་བྱེད་དབང་དང་ རྒྱབ་རྟེན་ལྗགས་ལུང་ཚུ་ འགོ་བཙུགས་གནང་ནུག།དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ཟབ་མོ་ལས་འཁྲུངས་པའི་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་ཀྱི་ ངྲན་ཤེས་ཁྲོམ་ཚོགས་ལས་འགུལ་འདི་ འབད་རྩོལ་མེད་པར་ ཡིད་བཞིན་ནོར་བུ་དང་ དཔག་བསམ་ཤིང་ཆེན་བཟུམ་སྦེ་ རང་བཞིན་ལྷུན་གྱིས་ འགྲུབ་ཐབས་ལུ་དམིགས་ཏེ་ གནངམ་ཨིན་པས།ཞི་ཁྲོ་ངན་སོང་སྦྱོང་བའི་ དབང་ལུང་དེ་ ཞུ་ནིའི་དོན་ལས་ བླ་སྤྲུལ་དང་ མཁན་སློབ་ཚུ་གིས་གཙོས་པའི་ དགེ་སློང་དང་ སྒོམ་ཆེན་ ཨ་ཎེམ་ དེ་ལས་ དད་ལྡན་སེར་སྐྱ་ཕོ་མོ་ སྟོང་ཕྲག་ ༢༥ དེ་ཅིག་ སྤུངས་འཛོམས་འབད་ཡོདཔ་ཨིན་པའི་གནས་ཚུལ།

Special News

མི་དབང་རྒྱལ་ཡུམ་མཆོག་ལུ་ མི་རློབས་མ་དངུལ་གྱིས་ གཟེངས་བསྟོད་རྟགས་མ།

སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ རྒྱལ་སྤྱི་ཨམ་སྲུའི་ཉིནམ་ བརྩི་སྲུང་དང་འབྲེལ་ཏེ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ མི་ལོ་ ༢༥ གི་རིང་ལུ་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱི་ ལེགས་སྨོན་སྐུ་ཚབ་སྦེ་ ཕྱག་ལཱ་མཛད་གནང་པའི་ ངོས་ལེན་ལུ་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱི་ཧོངས་ལས་ གཟེངས་བསྟོད་རྟགས་མ་ཅིག་ཕུལ་ནུག།དེ་ཡང་ མི་དབང་རྒྱལ་ཡུམ་མཆོག་གིས་ སྤྱི་ལོ་ ༡༩༩༩ ལས་ཚུར་ སྐྱེས་མའི་འཕྲོད་བསྟེན་དང་ བཟའ་ཚང་འཆར་གཞི་ དེ་ལས་ ཕོ་མོའི་ཁྱད་ཆོས་དང་འབྲེལ་བའི་ རྩུབ་སྤྱོད་བཀག་ཐབས་ཚུ་ ཡར་འཕེལ་གཏང་ནིའི་ནང་ ཕྱག་འགན་བསྣམས་ཡོདཔ་ཨིན་པས།དེ་མ་ཚད་ ན་གཞོན་ལྕོགས་གྲུབ་གོང་འཕེལ་དང་ ཚད་ལྡན་གྲོས་སྟོན་གྱི་ལས་དོན་ གཞི་བཙུགས་ཚུ་གི་སྒོ་ལས་ འབྲུག་པའི་ཨམ་སྲུ་ཚུ་གིས་ བསམ་འཆར་བཤད་དོན་ཚུ་ ས་གནས་ནང་འཁོད་དང་ རྒྱལ་སྤྱིའི་གནས་རིམ་ནང་ ངོས་ལེན་ཡོདཔ་ བཟོ་གནང་ནུག།གཟེངས་བསྟོད་རྟགས་མ་དེ་ཕུལ་བའི་ རྟེན་འབྲེལ་སྐབས་ལུ་ མི་དབང་རྒྱལ་ཡུམ་མཆོག་གིས་ རྒྱལ་ཡོངས་ཨ་ལོ་དང་ ཨམ་སྲུའི་ལྷན་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་དང་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་ དེ་ལས་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་ཚུ་དང་ མཉམ་འབྲེལ་ཐོག་ལས་ གོང་འཕེལ་བཏང་མི་ ཕོ་མོའི་ཁྱད་ཆོས་ལུ་བརྟེན་པའི་ རྩུབ་སྤྱོད་རྩ་མེད་ཀྱི་ […]

Online now: 9 Today: 1158 Total visitors: 8378