ArchiveAboutContact
National News

ཨེ་ཤི་ཡའི་ རྐང་རིལ་ཚོགས་ཆུང་གི་ ཨམ་སྲུའི་རྩེད་འགྲན་ ༢༠༢༤ ཅན་མ་ འགོ་འདྲེན་འཐབ་ནི།

· 1 min read

སྤྱི་ལོ་ ༢༠༢༤ གི་ ཨེ་ཤི་ཡའི་ རྐང་རིལ་ཚོགས་ཆུང་གི་ ཨམ་སྲུ་སྡེ་ཚན་ང་པའི་ རྩེད་འགྲན་དེ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ འགོ་འདྲེན་འཐབནི་ཨིནམ་ད་ དེ་ཡང་ འབྲུག་གི་རྩེད་རིགས་ནང་ འབྱུང་རབས་ཅན་གྱི་ དུས་སྐབས་ཅིག་ཨིན་པས།
ད་རེས་ འབྲུག་གི་ཨམ་སྲུའི་ རྐང་རིལ་རྩེད་འགྲན་ནང་ ཨང་དང་པ་སྦེ་གནས་མི་ རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ ཨམ་སྲུའི་སྡེ་ཚན་གྱིས་ ག་ནི་བ་ཡང་ ཕམ་པར་དཀའ་བའི་ ཧོང་ཀོང་དང་ ཨི་རཱན་གྱི་ སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་དོ་ཨིན་པས།
དེ་ཡང་ རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ ཨམ་སྲུའི་སྡེ་ཚན་གྱིས་ རྩེད་འགྲན་ནང་ གྲལ་གཏོགས་འབད་མི་དེ་གིས་ འབྲུག་པའི་ཨམ་སྲུ་ཚུ་གི་ ལྕོགས་གྲུབ་སྟོན་ནི་དང་ རྒྱལ་ཡོངས་ཀྱི་ གནས་རིམ་ནང་ ན་གཞོན་ལུས་རྩལཔ་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
ཨེ་ཤི་ཡ་ རྐང་རིལ་ཚོགས་ཆུང་གིས་ ཨམ་སྲུའི་རྩེད་འགྲན་ འགོ་བཙུགས་མི་དེ་ ཨེ་ཤི་ཡའི་ ལུང་ཕྱོགས་གེ་རའི་ནང་ ཨམ་སྲུའི་རྐང་རིལ་གྱི་ གནས་ཚད་ཡར་དྲག་ལུ་དམིགས་ཏེ་ཨིནམ་ད་ དེ་ཡང་ ཨམ་སྲུ་རང་སོའི་ སྒྱུ་རྩལ་ཚུ་ སྟོན་ཐབས་ལུ་ རྩེད་འགྲན་གྱི་ གོ་སྐབས་ཚུ་ བྱིན་དོ་ཡོདཔ་བཞིན་དུ་ ད་རེས་ཀྱི་ རྩེད་འགྲན་ནང་ རྐང་རིལ་རྩེ་མི་ འབྲུག་པའི་ཨམ་སྲུ་ཚུ་གི་དོན་ལུ་ རྩེད་རིགས་ནང་ གལ་ཆེ་བའི་ ཕོ་མོ་འདྲ་མཉམ་གྱི་ བརྡ་མཚོན་སྟོནམ་ཨིན་པས།
རྩེད་འགྲན་དེ་ནང་ གྲལ་གཏོགས་འབད་མི་ཚུ་ཡང་ འབྲུག་གི་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ ཨམ་སྲུའི་རྐང་རིལ་སྡེ་ཚན་དང་ ཧོང་ཀོང་གི་ ཀི་ཅི་ཨེཛ་སི་ དེ་ལས་ ཨི་རཱན་ལས་ བམ་ཁ་ཊཱུན་ཟེར་མི་ སྡེ་ཚན་ཚུ་ཡོདཔ་ཨིན་པས།
རྩེད་འགྲན་དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢༥ ལས་ ཕྱི་རུའི་ཆུ་ཚོད་ ༦ ལས་ འགོ་བཙུགས་ནི་ཨིནམ་ད་ རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ ཨམ་སྲུའི་རྐང་རིལ་སྡེ་ཚན་གྱི་ སློབ་སྟོན་པ་འགོ་འཛིན་ འཇིགས་མེད་ཀྱིས་ ད་རེས་ཀྱི་ རྩེད་འགྲན་དེ་ ང་བཅས་རའི་ རྐང་རིལ་རྩེ་མི་ ཨམ་སྲུ་ཚུ་གི་དོན་ལུ་ རང་སོའི་སྒྱུ་རྩལ་ཚུ་ སྟོན་ནི་གི་ གོ་སྐབས་བཟང་པོ་ཅིག་ཨིན་པས་ཟེར་ བཤད་པའི་ཁར་ ཁོང་གི་སྡེ་ཚན་ནང་ བང་ལ་དེཤ་ལས་ སྒྱུ་རྩལ་དང་ལྡན་པའི་ རྐང་རིལ་རྩེ་མི་ ཨམ་སྲུ་ ༤ ཡོདཔ་ལས་ རྩེད་འགྲན་གྱི་དོན་ལུ་ གྲ་འགྲིག་ཡོད་ཟེར་ཨིན་པས།
རྩེད་འགྲན་གྱི་སྐབས་ལུ་ རང་སོའི་སྡེ་ཚན་ལུ་ སེམས་སྐུལ་འབད་མི་དང་ དོ་འགྲན་གྱི་ སྐད་འཐེན་མི་ཚུ་ཡོདཔ་མ་ཚད་ ལྟདམོ་བལྟ་མི་ཚུ་ལུ་ཡང་ ཁེན་སྦྱར་དང་འདྲ་བའི་ རྐང་རིལ་རྩེད་འགྲན་གྱི་ དྲན་རྟེན་ཚུ་ཡང་ བྱིན་ནི་ཨིན་པས།
རྩེད་འགྲན་དེ་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ཚད་ དེ་ལས་ བཀྲིས་འགྲུལ་འཕྲིན་ཚུ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]

gyalchi
Online now: 26 Today: 1611 Total visitors: 4288