ArchiveAboutContact
National News

ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ གཞུང་སྐྱོང་ཚོགས་པ་ལུ་ ཁས་བླངས་དམ་བཅའ་ཚུ་དང་འཁྲིལ་ཏེ་ མཛད་དགོ་པའི་དྲན་བསྐུལ།

· 1 min read

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ གཞུང་གསརཔ་དབུ་བརྙེས་པའི་ཉིན་མར་ གཞུང་གི་ཁ་ཐུག་ལས་ འབྲེལ་ཡོད་ལྷན་ཁག་ཚུ་ལུ་ བཀོད་ཁྱབ་བཀའ་རྒྱ་ ༤ དང་ བཀོད་རྒྱ་ ༡༠ གནང་མི་ལུ་ བཀྲིན་ཆེ་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
དེ་ཡང་ གཞུང་གི་བསྐུལ་བསྒྲགས་སྐབས་ཀྱི་ དམ་བཅའ་ཚུ་དང་འཁྲིལ་ཏེ་ ལྷན་རྒྱས་གཞུང་ཚོགས་ལས་ ཕུན་ཚོགས་གླིང་གི་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ཀྱི་ འཐུས་དགོངས་ཡངས་དང་ མི་རྗེ་བློན་ཆེན་མཆོག་གི་ ཁྲི་འཛིན་འོག་ལུ་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ གཞི་བཙུགས་གནང་པའི་ཁར་ ཅང་ཇི་ཇིའི་ སྡོད་ཁྱིམ་ཚུ་ནང་ གཞུང་གཡོགཔ་ཚུ་ དགོངས་ཞུ་མ་རན་ཚུན་ སྡོད་ཆོགཔ་བཟོ་མི་དང་ དངུལ་ཀྲམ་ཐེར་འབུམ་ ༡༥ འབད་མི་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ ལག་ལེན་འཆར་གཞི་ཚུ་བཟུམ་མའི་ ཁས་ལེན་ཚུ་ གྲུབ་མི་ལུ་ ངོས་ལེན་ཡོད་ཟེར་ཨིན་པས།
ཨིན་རུང་ ཁས་ལེན་གཞན་ཚུ་གི་ཐེད་ཁར་ ལག་ལེན་ཚུ་ ཡུན་འགྱངས་སྦེ་ ལུས་དོ་ཡོད་པའི་ ཚོར་སྣང་བྱུང་ཡོད་མི་དེ་ཡང་ གཞུང་གསརཔ་དབུ་བརྙེས་ཏེ་ ཉིན་གྲངས་ ༩༠ ལྷག་སོང་རུང་ ཁས་བླངས་ལྷག་ལུས་ ༩ མཐོང་གསལ་ཅན་གྱི་ གོང་འཕེལ་མེད་པར་ བསྣར་འགྱངས་ཐོག་ལུ་ ལུས་ཡོདཔ་སྦེ་བཀོད་ནུག།
སློབ་དཔོན་དང་ སློབ་ཕྲུག་ཚུ་གི་དོན་ལུ་ རེས་གཟའ་ཉིམ་དེ་ ངལ་གསོ་བཞག་ནི་དང་། གཞུང་སྐྱོང་དུས་ཡུན་ ཟླ་ངོ་ ༣ གྱི་ ནང་འཁོད་ལུ་ རྐང་འགྲུལཔ་འཐོན་འཛུལ་ ས་ཁོངས་ནང་ ཚོང་འབྲེལ་སྒྲིག་འཛིན་གྱི་ བྱ་སྒོ་ཡོངས་རྫོགས་ བསྐྱར་ཞིབ་ཐོག་ལས་ ཚོང་འབྲེལ་གྱི་དོན་ལུ་ ཐོགས་ར་ཚུ་ ཕྱིར་བསལ་འབད་ནི་གི་ ཐབས་ལམ་སྒྲིང་སྒྲིང་ཚུ་གི་ གྲོས་འདེབས་ཚུ་ ཕུལ་དོ་ཟེར་ཨིན་པས།
ཕྱི་ཁ་ལས་ ཐད་ཀར་གྱི་ མ་རྩ་གཞི་བཙུགས་ཚུ་ ལས་སྡེ་ཆུང་བ་དང་ འབྲིང་མ་ཚུ་ནང་ བྱ་སྟབས་བདེ་ཏོག་ཏོ་དང་ སེམས་ཤུགས་བསྐྱེད་ཚུགསཔ་ བཟོ་ནིའི་དོན་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་ ༢༠༡༩ ཅན་མ་དེ་ བསྐྱར་བཟོའི་བཀོད་རྒྱ་གནང་ནི།
ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གྲོས་བསྟུན་ཐོག་ལས་ ངོ་རྐྱང་ལཱ་གི་འཆར་གཞི་ བསྐྱར་ཞིབ་འབད་དེ་ སློབ་དཔོན་ཚུ་ལུ་ དམིགས་བསལ་གྱི་ དགོས་མཁོ་དང་འབྲེལ་བའི་ གྲུབ་འབྲས་ཚད་འཇལ་རིམ་ལུགས་ གོང་འཕེལ་བཏང་ནི།
ལྷོ་ཕྱོགས་ཁྲོམ་སྡེ་ཚུ་ནང་ བལྟ་བཤལཔ་ཚུ་ ཡུན་བརྟན་གོང་འཕེལ་གྱི་ འཐུས་སྤྲོད་མ་དགོ་པར་ བལྟ་བཤལ་ལུ་ འོང་ནི་ཡོདཔ་ བཟོ་ཐབས་ལུ་ ཁོང་གི་དོན་ལས་ ཡུན་བརྟན་གོང་འཕེལ་མ་དངུལ་གྱི་ འཐུས་བསྐྱར་ཞིབ་འབད་ནི།
ཕྱི་རྒྱལ་ཁག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་ཚུ་ལུ་ འབྲུག་རྒྱལ་ཁབ་ནང་ བལྟ་བཤལཔ་ཚུ་ འོང་ཐབས་ལུ་ གཞུང་ཚབ་ཡིག་ཚང་ཚུ་གིས་ ཕན་ཐབས་ག་དེ་སྦེ་ར་ སྒྲིག་དེ་ག་ཚུ་གི་ བསམ་འཆར་དང་ གྲོས་འདེབས་ཚུ་ ཕུལ་དགོ་པའི་ ཡིག་ཚང་བཀའ་བརྒྱ་ གཏོན་གནང་ནི།
རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ བལྟ་བཤལཔ་ ༣༠༠,༠༠༠ རེ་ འོང་ནི་ཡོད་པའི་ གྲངས་ཚད་འགྲུབ་ཐབས་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ལག་ལེན་འཆར་གཞི་ ལོགས་སུ་སྦེ་ གོང་འཕེལ་བཏང་དགོ་པའི་ ཡིག་ཚང་བཀའ་རྒྱ་བཏོན་ནི་དང་། འཆར་གཞི་དེ་ནང་ ཡུན་བརྟན་གོང་འཕེལ་གྱི་འཐུས་དང་ གཞན་སྒྲིག་གཞིའི་བྱ་སྒོ་བསྒྱུར་བཅོས་འབད་དགོཔ་ཡོད་མི་ཚུ་ བསྐྱར་ཞིབ་འབད་ནི་དེ་ ཚུད་དགོ་པའི་ཁར་ འཆར་གཞི་དེ་ཡང་ བལྟ་བཤལ་གྱི་ ཁེ་གྱོང་འབག་མི་ཚུ་དང་ གྲོས་བསྟུན་ཐོག་ལས་ གོང་འཕེལ་གཏང་ནི།
ཁག་འབག་ཐོག་གི་ ལས་གཡོགཔ་ཚུ་ དུས་རྒྱུན་ལས་གཡོག་པའི་གྲངས་སུ་ བཙུགས་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལས་ འཐུས་མི་ཚུ་ཡོད་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ནང་གསེས་ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནི།
རྒྱལ་ཁབ་མཐའ་དབུས་མེད་པའི་ ཐབས་བྱུས་ཅན་གྱི་ ས་ཁོངས་ ༥ གི་ནང་ གནམ་ཐང་བཟོ་བསྐྲུན་གྱི་དོན་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ འོས་འབབ་ཞིབ་འཇུག་འབད་དགོ་པའི་ བཀོད་རྒྱ་གནང་ནི་ཚུ་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ དྭངས་གསལ་དང་ བརྡ་དོན་བཀྲམ་སྤེལ་འདི་ གཞུང་སྐྱོང་ལེགས་ལྡན་དང་ འབྲུག་གི་ནུས་ཤུགས་གྱི་ དམངས་གཙོའི་རིང་ལུགས་ལུ་ འཕོ་འགྱུར་གྱི་ ཆ་ཤས་གཙོ་བོ་ཅིག་ཨིན་པའི་ ཡིད་ཆེས་ཡོདཔ་ད་ སྤྱི་ཚོགས་ནང་ བཙག་འཐུ་ལས་གྲུབ་པའི་ འཐུས་མི་དང་ མི་སེར་གྱི་ངོ་ཚབ་སྦེ་ གོང་འཕེལ་ཚུ་གི་སྐོར་ལས་ མི་སེར་ཚུ་ལུ་ དུས་མཐུན་གྱི་ བརྡ་དོན་ཚུ་ སྤྲོད་དགོཔ་འདི་ ང་བཅས་ཀྱི་ འགན་ཁུར་ཨིནམ་ལས་ གཞུང་ལུ་ དམིགས་བསལ་གྱིས་ མི་མང་དང་ འབྲེལ་ཡོད་ཁེ་གྱོང་འབག་མི་ཡོངས་ལུ་ གོང་འཁོད་དམ་བཅའ་ཚུ་གི་ ཡར་འཕེལ་གནས་ཚད་ཀྱི་ བརྡ་དོན་ཚུ་ སྤྲོད་དགོ་པའི་ བརྡ་སྐུལ་ཕུལཝ་ཨིན་ཟེར་བཀོད་ནུག།
དེ་བཟུམ་སྦེ་ ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ ཚོགས་ཁང་ཕྱི་ནང་ ༢ ལུ་ གཅིག་སྒྲིལ་གྱི་ ཡར་འཕེལ་དང་ ལོངས་སྤྱོད་ཀྱི་དོན་ལས་ གཞུང་ལུ་ འགྱུར་ལྡོག་མེད་པའི་ རྒྱབ་སྐྱོར་ཕུལ་ནི་ལུ་ ཁས་ལེན་ཡོདཔ་ད་ ང་བཅས་ཀྱིས་འབད་བ་ཅིན་ མི་སེར་ཚུ་གི་ ཡར་འཕེལ་དང་ རྒྱལ་ཁམས་ལེགས་བསྒྱུར་གྱི་དོན་ལས་ སྲིད་དོན་གཙུག་སྡེ་ཚུ་གི་བར་ན་ མཉམ་འབྲེལ་འཐབ་ནི་དེ་ ག་ནི་བ་ གལ་ཆེ་བའི་ ཡིད་ཆེས་སྦོམ་ཡོད་ཟེར་ཨིན་པས།
ཨིན་རུང་ སྲིད་དོན་ཚོགས་པ་ཚུ་གིས་ ཁས་བླངས་འབད་མི་ཚུ་གི་ དྲང་བདེན་རྒྱུན་སྐྱོང་འཐབ་ནི་དེ་ སེམས་ཁ་ལས་ བརྗེད་ནི་མི་འོངནི་དང་ དལ་གཞིར་ རང་སོའི་ཁས་བླངས་ཚུ་ འགྲུབ་ནི་ལས་ འཐུས་ཤོར་འབྱུང་ནི་དེ་ བློ་གཏད་ཀྱི་གཞི་ལུ་ ཐོ་ཕོག་ནི་ཨིནམ་མ་ཚད་ གཞུང་དང་ གཞུང་སྐྱོང་གི་ བསམ་གཞི་དེ་ དོགས་ཟོན་ཅན་གྱི་ གཞི་ཅིག་ལུ་ འགྱུར་ཉེན་ཡང་ཡོད་ཟེར་བཀོད་ནུག།
མི་སེར་ཚུ་ལུ་ ང་བཅས་ཀྱི་ འགན་འཁྲི་ཕོགཔ་ལས་ གཞུང་གིས་ འབྲེལ་ཡོད་ཁེ་གྱོང་འབག་མི་དང་ མི་སེར་ཡོངས་དང་གཅིག་ཁར་ དྭངས་གསལ་ཅན་གྱི་ བརྡ་དོན་ལག་ལེན་འཐབ་གནང་དགོ་པའི་ ནན་སྐུལ་དང་གཅིག་ཁར་ གོང་ལུ་བཀོད་དེ་ཡོད་མི་ དམ་བཅའ་ཚུ་གི་ གནས་ཚད་ཚུ་ འབྲུག་གི་མི་རློབས་ལུ་ ཧིང་སང་སང་དང་ ཡོངས་རྫོགས་སྦེ་ སྤྲོད་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
གལ་སྲིད་ དམ་བཅའ་གང་རུང་ ལག་ལེན་བྱ་སྒོའི་ཐོག་ལུ་ཡོད་མི་ཚུ་ཡང་ མགྱོགས་ཤུགས་ཀྱི་སྒོ་ལས་ ལག་ལེན་འཐབ་གནང་ནི་ལུ་ གཙོ་བོར་བཟུང་དགོཔ་སྦེ་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ དྲན་བསྐུལ་ཞུ་ནི་འབྲེལ་ཏེ་ ང་བཅས་ཆ་ཁྱབ་ག་ར་ གཅིག་སྒྲིལ་ཐོག་ལས་ མི་དབང་མངའ་བདག་རིན་པོ་མཆོག་གི་ དགོངས་བཞེད་དང་ མི་སེར་གྱི་ རེ་འདོད་ཚུ་ འགྲུབ་ཐབས་ལུ་ འགན་འཁྲི་དང་ དྭངས་གསལ་ མཉམ་འབྲེལ་ཚུ་གི་ གཞི་རྩ་ལུ་ བརྩི་བཀུར་འབད་ནིའི་ནང་ བརྩོན་ཤུགས་བསྐྱེད་དགོ་ཟེར་ བཀོད་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]

gyalchi
Online now: 34 Today: 1631 Total visitors: 4308