པདྨ་དབང་འདུས།
སློབ་རིམ་ ༡༠ པ་ལས་ ༡༡ པའི་ནང་ འཛུགས་ཞུགས་ཀྱི་དོན་ལུ་ གཞུང་ལས་ སྐུགས་ཚད་བརྒྱ་ཆ་ མཐོ་ཚད་ལུ་ བཀལ་ནི་ཨིན་པའི་སྐོར་ལས་ གྲོས་གླེང་ལེ་ཤ་ཅིག་ ཐོན་ཡོད་པའི་ནང་ལས་ ལྷག་པར་དུ་ ལྡོག་ཕྱོགས་ཀྱིས་ ཚ་གྱང་ཡོད་ལུགས་ བཤད་ཡོད་མི་ལུ་ གཞུང་གིས་ ཤེས་རིག་དང་ རིག་རྩལགོང་འཕེལ་ལྷན་ཁག་བརྒྱུད་དེ་ གྲོས་ཆོད་དེ་གི་ རྒྱབ་ཁུངས་ཚུ་ བཀོད་ཐོག་ལས་ ལན་གསལ་གནང་ནུག།
དེ་ཡང་ ཤེས་རིག་དང་ རིག་རྩལགོང་འཕེལ་ལྷན་ཁག་ལས་ སྲིད་བྱུས་ཚུ་ མདུན་བསྐྱོད་ཀྱི་ འཆར་སྣང་ཐོག་ལུ་ བརྩམ་མ་གཏོགས་ རྒྱབ་བཤུད་འཐོན་པའི་ སྲིད་བྱུས་མེད་ཟེར་ཨིནམ་ད་ དེ་ཡང་ གཞུང་གི་ཚོར་སྣང་དང་བསྟུནམ་ད་ སློབ་གྲྭ་ལྟེ་བ་ཚུ་ཡང་ འབྲུག་གི་ན་གཞོན་ཚུ་གིས་ རྒྱལ་ཁབ་ཀྱི་ རེ་འདོད་ཆེ་བའི་ མདུན་ལམ་ནང་ ལྕོགས་གྲུབ་དྲག་ཤོས་ཀྱི་སྒོ་ལས་ གྲལ་གཏོགས་འབད་ནི་ཡོདཔ་ བཟོ་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
དེ་གི་ནང་ལས་ཡང་ སྤྱི་ལོ་ ༢༠༣༤ འཐོནམ་ད་ རྒྱལ་ཁབ་འདི་ འབབ་ཁུངས་ཆེ་བའི་ གནས་ཚད་ཁར་ བཀལ་ནི་གི་ དམིགས་དོན་དང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་སྒྱུར་ཅན་གྱི་ འཆར་སྣང་ཚུ་ཡང་ འགྲུབ་ནི་གི་ དམིགས་དོན་ཨིན་ཟེར་བཀོད་ནུག།.
དེ་མ་ཚད་ མི་དབང་མཆོག་གིས་ རྒྱལ་ཁབ་ནང་ རིག་རྩལ་ཅན་དང་ མ་འོངས་པའི་དོན་ལུ་ གྲ་སྒྲིག་ཡོད་པའི བདེ་སྒྲིག་ཅན་གྱི་ ལས་མི་གོང་འཕེལ་གཏང་དགོཔ་སྦེ་ཡང་ གསུངས་མི་ལུ་བརྟེན་ཏེ་ སྐུགས་ཚད་བསྐྱར་བཙུགས་འབདཝ་ཨིནམ་སྦེ་ བཤདཔ་ཨིན་པས།
སློབ་རིམ་ ༡༠ པའི་ སྐུགས་ཚད་དང་འབྲེལ་བའི་ སྲིད་བྱུས་ལུ་ བརྙས་བཅོས་འབད་མིའི་ཐེད་ཁར་ ལྷན་ཁག་གིས་འབད་བ་ཅིན་ སྲི་བྱུས་དེ་གིས་ སློབ་ཕྲུག་ཚུ་ལུ་ འཛུལ་ཞུགས་ཀྱི་ གོ་སྐབས་ཚད་འཛིན་འབད་ནི་དང་ ད་ལྟོ་ཡོད་མི་ ལྷབ་སྦྱང་གི་ཁྱད་ཚད་ ཕྱིར་བཏོན་དང་ ནུས་མེད་བཟོ་ནི་མིན་པར་ ཤེས་རིག་ལམ་ལུགས་ཀྱི་ གཟེངས་ཐོན་གུ་ གཞི་བརྟེན་ཏེ་ རིམ་སྒྲིག་ཚུལ་མཐུན་ཡོད་དགོཔ་ ངེས་གཏན་བཟོ་ནི་དེ་ཨིན་ཟེར་བཀོད་ནུག།
ལྡོག་ཕྱོགས་ཀྱིས་ ད་རེས་ཡང་ སློབ་རིམ་ ༡༠ པ་ལས་ ༡༡ པའི་ནང་ འཛུལ་ཞུགས་ཀྱི་དོན་ལུ་ མཐར་འཁྱོལ་སྐུགས་ཚད་ བརྒྱ་ཆ་ ༤༠ འབད་མི་དེ་གིས་ར་ འཐུས་པས་ཟེར་ཨིནམ་ད་ སྐུགས་ཚད་དེ་ ཉུང་མཐའའི་གནས་ཚད་རྐྱངམ་གཅིག་མ་གཏོགས་ མཐོ་རིམ་ཤེས་ཡོན་གྱི་དོན་ལུ་ གྲ་སྒྲིག་ངོ་མ་ཡོདཔ་ གཏན་འཁེལ་གྱི་དོན་ལས་ ལྡང་ཚད་མེད་ཟེར་ཨིན་པས།.
ལྡོག་ཕྱོགས་ཀྱིས་ འབྲུག་གི་གཞི་རྟེན་མཁོ་ཆས་ཚུ་ འབྲིང་རིམ་ཤེས་ཡོན་ཆེ་བའི་དོན་ལས་ སློབ་ཕྲུག་ག་ར་ལུ་ ལངམོ་སྦེ་ཡོད་ལུགས་ཚུ་ བཤད་མི་ལུ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གིས་ སློབ་གྲྭ་ཚུ་ནང་ དངོས་གཟུགས་ཅན་གྱི་ ལྕོགས་གྲུབ་ཚུ་ཡོད་དོ་བཟུམ་སྦེ་ ཚོར་ཡོད་རུང་ གནད་དོན་ངོ་མ་དེ་ རྒྱལ་ཁབ་ནང་གི་ གཡོག་འབྲེལ་སྦྱོང་བརྡར་སྤེལ་ཁང་ཚུ་ ལྕོགས་གྲུབ་ཀྱི་ ཚད་གཞི་ཁར་ ལག་ལེན་འཐབ་ནི་མེད་མི་དེ་ཨིན་ཟེར་བཀོད་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༤ ལུ་ འབྲུག་གི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ ༡༥༦,༢༧༢ ཡོད་རུང་ གཡོག་འབྲེལ་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ སྦྱོང་བརྡར་བ་ ༢,༤༣༧ ལས་མེད་མི་དེ་ བརྒྱ་ཆ་ ༡.༥༦ ར་ཨིན་པས་ཟེར་ བཤད་ཡོདཔ་ད་ གཞན་དལ་གཞིར་ སྦྱོང་བརྡར་སྤེལ་ཁང་དེ་ཚུ་གིས་ སློབ་ཕྲུག་ཚུ་ལུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ནང་ དགོས་དོན་ཡོད་པའི་ རིག་རྩལ་སྣ་མང་ལུ་སྒྱུར་ཏེ་ ལྷབ་སྦྱང་གི་ གོ་སྐབས་ཚུ་གི་སྒོ་ལས་ རང་སོའི་ལྕོགས་གྲུབ་དང་བསྟུན་པའི་ ཚེ་གཡོག་གི་ མདུན་ལམ་བརྫངས་ཏེ་ གལ་གནད་ཆེ་བའི་ ལཱ་འགན་ཚུ་ འབག་ཚུགས་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱིས་ སྐྱེས་ལོ་ ༡༦ འབད་མི་དེ་ ལཱ་གཡོག་སྦྱོང་བརྡར་གྱི་དོན་ལུ་ དམའ་ནི་ཨིན་པས་ཟེར་ བཤད་ཡོད་མི་དེ་ལུ་ རྒྱལ་ཁབ་གཞན་ ལེ་ཤ་ཅིག་གི་ནང་ར་ གཡོག་འབྲེལ་སྦྱོང་བརྡར་ཚུ་ ཤོ་མཚུངས་ལོ་ཚད་ཁར་ འགོ་བཙུགསཔ་ཨིན་ཟེར་ བཤད་ཡོདཔ་ད་ འབྲུག་གི་ལས་མི་དང་ ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མའི་ནང་ཡང་ གཡོག་འབྲེལ་སྦྱོང་བརྡར་ནང་ འཛུལ་ཞུགས་ཀྱི་ལོ་ཚད་དེ་ སྐྱེས་ལོ་ ༡༣ ལས་ ༡༧ གྱི་བར་ན་ལུ་ རྒྱབ་སྐྱོར་ཡོད་ཟེར་བཤད་ནུག།
དེ་མ་ཚད་ མི་སྡེའི་ལྷབ་སྦྱང་ལྟེ་བ་དང་ འབྲེལ་ཡོད་གཡོག་འབྲེལ་ལས་རིམ་ཚུ་བརྒྱུད་དེ་ སློབ་གྲྭའི་ནང་ལས་ ཐོན་སྡོད་མི་ ན་གཞོན་ཚུ་གིས་ འཕྲོ་མཐུད་ཤེས་ཡོན་དང་ རིག་རྩལ་སྦྱོང་བརྡར་ཚུ་ འབད་ཚུགས་ནི་དང་ ད་རེས་ཀྱི་ གཞི་སྒྱུར་དེ་ རྒྱལ་ཡོངས་གོང་འཕེལ་གྱི་ དམིགས་དོན་དང་ རྒྱལ་སྤྱིའི་ལམ་ལུགས་ལྟར་དུ་ཨིནམ་ལས་ སློབ་ཕྲུག་ཚུ་གིས་ བརྩི་མཐོང་ཡོད་པའི་ མདུན་ལམ་གྱི་ གོ་སྐབས་ཚུ་གིས་ མ་འོངས་པ་ལུ་ ཁེ་ཕན་འོང་ནི་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།
ལྡོག་ཕྱོགས་ཀྱིས་ སློབ་རིམ་ ༡༠ པ་ལས་ ༡༡ པའི་ནང་ འཛུལ་ཞུགས་ཀྱི་དོན་ལུ་ སྐུགས་ཀྱི་མཐོ་ཚད་མ་དགོཔ་སྦེ་ བཀོད་མི་ལུ་དོགས་སེལ།

Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།
རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]