པདྨ་དབང་འདུས།
སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ མི་རྗེ་བློན་ཆེན་དང་ དངུལ་རྩིས་བློན་པོ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ཚུ་གིས་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གི་ བློན་པོ་དང་གཅིག་ཁར་ རྩིས་ལོ་ ༢༠༢༦-༢༧ གྱི་དོན་ལས་ ལོ་བསྟར་གྲུབ་འབྲས་ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་ནུག།
དེ་ཡང་ ལས་སྡེ་ཚུ་གིས་ རང་སོའི་ལོ་བསྟར་གྲུབ་འབྲས་ཆིངས་ཡིག་ནང་ བཀོད་དེ་ཡོད་པའི་ ལས་སྣ་ཚུ་གི་ གྲུབ་འབྲས་ཚུ་ བཏོན་ཐབས་ལུ་ གཞུང་གི་ཁ་ཐུག་ལས་ མ་དངུལ་དང་ མི་སྟོབས་ཀྱི་ རྒྱབ་སྐྱོར་ཚུ་གནང་ནི་གི་ ཁས་ལེན་དང་ ལས་སྡེ་ཚུ་གི་ཁ་ཐུག་ལས་ གྲུབ་འབྲས་ཚུ་ མཐར་འཁྱོལ་ཅན་སྦེ་ བཏོན་ཐབས་ལུ་ བརྩོན་ཤུགས་ཀྱི་ ཁས་ལེན་སྦེ་ཨིན་པས།
རྩིས་ལོ་ ༢༠༢༦-༢༧ ལུ་ ལྷན་ཁག་དེ་གིས་ གྲུབ་འབྲས་ཀྱི་ བརྡ་སྟོན་གཙོ་བོ་ ༤༦ བརྒྱུད་དེ་ ཁྱད་ལཱ་ལས་ཁུངས་ ༦ གི་ནང་ ལོ་བསྟར་གྲུབ་འབྲས་ ༣༨ དེ་ཅིག་ བཏོན་ནི་གི་ ཁས་ལེན་འབད་ནུག།



