ArchiveAboutContact
རྒྱལ་རབས།

རྗེ་མཁན་ཁྲི་རབས་བདུན་ཅུ་པ་ སྐྱབས་རྗེ་རྡོ་རྗེ་འཆང་ཆེན་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་ མཛད་རྣམ་བཅུད་བསྡུས།

gyalchi · 1 min read

རྩོམ་སྒྲིག་འབད་མི་   མགོན་པོ་རྡོ་རྗེ།

༆   ཨོཾ་སྭསྟི། རྒྱལ་ཀུན་ཐུགས་རྗེའི་ཆུ་ལྟར་ལས་བལྟམས་པའི། །གསང་གསུམ་མཛད་འཕྲིན་སྟོན་ཟླའི་འོང་སྟོང་གིས། །ཐུབ་བསྟན་ཀུ་མུཏ་འཛུམ་བརྒྱ་འགྲོལ་མཛད་པ། །ངག་དབང་འཇིགས་མེད་ཆོས་གྲགས་ཞབས་བརྟན་གསོལ།  །མདོ་སྔགས་ཆོས་ཚུལ་ཟབ་ཅིང་རྒྱ་ཆེའི་བཅུད།  །སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་ཟིལ་དངར་རྒྱུན།  །སྐལ་ལྡན་བུང་བའི་ཚོགས་ལ་འགྱེད་པའི་གཉེན།  །ངག་དབང་འཇིགས་མེད་ཆོས་གྲགས་ཞབས་བརྟན་གསོལ། །དེ་ལྟར་གསོལ་བཏབ་སྨོན་པའི་བདེན་འཐུ་ཡིས། །མགོན་ཁྱེད་བསྟན་དང་འགྲོ་བའི་གཙུག་རྒྱན་དུ། །ཞབས་ཟུང་རྡོ་རྗེའི་ཁྲི་ལས་མི་གཡོ་བར། །བསྐལ་བརྒྱར་ཆོས་འཁོར་བསྐོར་བཞིན་བཞུགས་སུ་གསོལ། །

དེ་ཡང་ དཔལ་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ ལྷུན་རྩེ་ཆ་འདུས་ ཀུར་སྟོད་གྲུབ་རྩེ་དགོན་པར་ ཡབ་རིག་འཛིན་རྡོ་རྗེ་དང་ ཡུམ་ཀུན་བཟང་ཆོས་སྒྲོན་གཉིས་ཀྱི་སྲས་ལུ་ སྤྱི་ལོ་ ༡༩༥༥ རབ་བྱུང་ ༡༦ པའི་ ཤིང་ལུག་ཟླཝ་ ༧ པའི་ཚེས་ ༥ གི་དྲོ་པར་ ངོ་མཚར་བའི་ རྟགས་མཚན་བཟང་པོ་དང་བཅསཔ་སྦེ་ སྐུ་འཁྲུངས་ནུག།

དགུང་ལོ་ ༤ ལས་ སྐུ་ཚེ་ཧེ་མའི་ལོ་རྒྱུས་ཚུ་ འཕྲལ་འཕྲལ་སྦེ་ར་ གསུངས་པ་ལུ་བརྟེན་ཏེ་ ཡབ་ཡུམ་གཉིས་ཀྱིས་ཁྱིད་དེ་ སྦས་ཡུལ་འཁན་པ་ལྗོངས་ལུ་ གྲུབ་དབང་བསོད་ནམས་བཟང་པོ་རིན་པོ་ཆེའི་ སྐུ་མདུན་ལུ་ བཅར་ཡོདཔ་བཞིན་དུ་ གྲུབ་དབང་མཆོག་གིས་ ཨྱོན་གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་ དགེ་བཤེས་པདྨ་ཚེ་རིང་གི་ ཡང་སྲིད་འཁྲུལ་བྲལ་ཨིན་པའི་ ངོས་འཛིན་མཛད་གནང་ཐོག་ལུ་ སྐུ་ན་ཕྲ་དུས་ལས་ར་ ཕྱག་དཔེ་ཚུ་ རིམ་པ་བཞིན་དུ་ གཟིགས་གནང་ནུག།

དགུང་ལོ་ ༦ བཞེས་པའི་ གནམ་ལོ་ལྕགས་གླང་ སྤྱི་ལོ་ ༡༩༦༡ ལུ་ ཡབ་ཡུམ་གཉིས་ཀྱིས་ ཁྱིད་ཐོག་ལས་ རྒྱ་གར་ཀ་ལི་ཕུག་ལུ་ བྱོན་ཡོདཔ་བཞིན་དུ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞབས་ལས་ རིན་ཆེན་གཏེར་མཛོད་ཀྱི་ སྨིན་གྲོལ་གྱི་ དབང་ལུང་ཆ་ཚང་ གསན་གནང་ནུག།

དེ་ལས་ འབྲུག་ལུ་ ལོག་བྱོན་ཞིནམ་ལས་ དགུང་ལོ་ ༨ བཞེས་པའི་ གནམ་ལོ་ཆུ་ཡོས་ སྤྱི་ལོ་ ༡༩༦༣ གྲུབ་དབང་བསོད་ནམས་བཟང་པོའི་ ཕྱག་ཞུ་སྟེ་ རྒྱ་གར་རྒྱལ་ཁབ་ནང་ གནས་སྐོར་ལུ་ བྱོན་ཡོདཔ་ད་ དེ་བསྒང་ རབ་ཏུ་བྱུང་ནི་གི་ ཐུགས་བཞེད་གནང་ཐོག་ལས་ འབྲུག་གསང་སྔགས་གླིང་གི་ གྲྭ་ཚང་ནང་བྱོན་ཏེ་ འབྲུག་ཐུགས་སྲས་རིན་པོ་ཆེའི་ཞབས་ལས་ སྡོམ་པ་དང་ དབང་ལུང་ དཀྱིལ་ཆོག་ཚུ་གི་སྐོར་ལས་ གསན་སྦྱངས་མཛད་གནང་ཡོདཔ་མ་ཚད་ མཁན་པོ་བསོད་ནམས་དར་རྒྱས་ལས་ ཚད་མའི་རིགས་དང་ སྤྱོད་འཇུག་ མཁན་པོ་ནོར་དབྱངས་ལས་ སོ་ཐར་གྱི་མདོ་ཚུ་ཡང་ རིམ་པ་བཞིན་དུ་ གསན་སྦྱངས་མཛད་གནང་ནུག།

དགུང་ལོ་ ༡༠ བཞེས་པའི་ གནམ་ལོ་ཤིང་སྦྲུལ་ སྤྱི་ལོ་ ༡༩༦༥ ལུ་ རྒྱ་གར་རྡོ་རྗེ་གླིང་ལུ་བྱོན་ཏེ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཞབས་ལས་ བཀའ་འགྱུར་གྱི་ ལྗགས་ལུང་ཆ་ཚང་དང་ བདུད་འཇོམས་གོང་མའི་ གཏེར་གསར་གྱི་ ཆོས་སྐོར་ཆ་ཚང་ གསན་གནང་ཡོདཔ་མ་ཚད་ དགུང་ལོ་ ༡༢ བཞེས་པའི་ རབ་བྱུང་ ༡༦ པའི་ གནམ་ལོ་མེ་ལུག་ སྤྱི་ལོ་ ༡༩༦༧ ལུ་ རྒྱ་གར་མཚོ་པདྨར་བྱོན་ཏེ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཞབས་ལས་ ད་རུང་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཆ་ཚང་ གསན་གནང་ནུག།

དགུང་ལོ་ ༡༥ བཞེས་པའི་ གནམ་ལོ་ལྕགས་ཁྱི་ སྤྱི་ལོ་ ༡༩༧༠ ལོར་ རྟ་མགོ་བཤད་སྒྲུབ་ཆོས་སྡེའི་ནང་ རྗེ་མཁན་ཁྲི་རབས་ ༦༨ པ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་བཞིན་དུ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་གིས་ མ་འོངས་པར་ དཔལ་ལྡན་འབྲུག་པའི་ བསྟན་པ་ལུ་ ཕན་ཐོགས་ཆེ་བའི་ ཐུགས་བཞེད་གནང་སྟེ་ སྤུངས་ཐིམ་དགེ་འདུན་གྲྭ་ཚང་ནང་ མཚན་ཐོ་བཀོད་གནང་ནུག།

དེ་ལས་ རྗེ་བཙུན་བསྟན་འཛིན་དོན་གྲུབ་ཞབས་ལས་ འབྲུག་ལུགས་ཀྱི་ རྩ་གསུམ་ཆོས་སྐྱོང་དང་བཅས་པའི་ སྨིད་བྱེད་ཀྱི་ དབང་ཆ་ཚང་དང་ ལྟ་བ་ཕྱག་རྒྱ་ཆེན་པོ་ སྒོམ་པ་ན་རོ་ཆོས་དྲུག་ སྤྱོད་པ་རོ་སྙོམ་སྐོར་དྲུག་ འབྲས་བུ་རྟེན་འབྲེལ་རབ་བདུན་དང་བཅས་པ་ ཟབ་ལམ་བླ་སྒྲུབ་ཀྱི་ཁྲིད་དེ་ཚུ་ གསན་བསམ་མཛད་པའི་ཁར་ ཀུན་མཁྱེན་བཀའ་འབུམ་དང་ བཀའ་བརྒྱུད་གོང་མའི་ གསུང་འབུམ་གྱི་ ལུང་རིགས་ཆ་ཚང་དང་ རྫོགས་པ་ཆེན་པོའི་ཁྲིད་ ཡེ་ཤེས་བླ་མ་ཡང་ གསན་བསམ་མཛད་གནང་ནུག།

ད་རུང་ རྟ་མགོ་དགོན་པར་ རྗེ་མཁན་ཁྲི་རབས་ ༦༩ པ་ སྐྱབས་རྗེ་དགེ་འདུན་རིན་ཆེན་ཞབས་ལས་ དག་ཡིག་སུམ་རྟགས་དང་ རིག་གནས་ དབུ་མའི་སྐོར་ཚུ་ གསན་སྦྱངས་མཛད་ཡོདཔ་ད་ དེ་བསྒང་ དྲུང་ཡིག་དང་ དབུ་མཛད་ སྐྱོར་དཔོན་ལ་སོགས་པའི་ དམངས་ཀྱི་ཕྱག་ལཱ་ མང་རབས་ཅིག་ཡང་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ མཛད་བཞུགས་ནུག།

དགུང་ལོ་ ༢༠ བཞེས་པའི་ རབ་བྱུང་ ༡༦ པའི་ གནམ་ལོ་ཤིང་ཡོས་ སྤྱི་ལོ་ ༡༩༧༥ ལོར་ རྟ་མགོ་ལུ་ སློབ་དཔོན་སངས་རྒྱས་བསྟན་འཕེལ་མཆོག་ལས་ ཀུན་མཁྱེན་སྒྲུབ་པའི་སྡོམ་རྒྱུན་ བསྙེན་རྫོགས་བཞེས་གནང་ནུག།

དགུང་ལོ་ ༢༡ བཞེས་པའི་ གནམ་ལོ་མེ་འབྲུག་ སྤྱི་ལོ་ ༡༩༧༦ ལོར་ བསམ་རྩེ་ལུ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཞབས་ལས་ གཏེར་བཏོན་པདྨ་གླིང་པའི་ ཆོས་སྐོར་ཆ་ཚང་ གསན་གནང་ཡོདཔ་མ་ཚད། དགུང་ལོ་ ༢༤ གནམ་ལོ་ས་ལུག་ སྤྱི་ལོ་ ༡༩༧༩ ལུ་ཡང་ བལ་ཡུལ་མཆོད་རྟེན་བྱ་རོང་ཁ་ཤོར་ལུ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཞབས་ལས་ གཏེར་གསར་ཆོས་སྐོར་གྱི་ དབང་ལུང་ཆ་ཚང་ གསན་བསམ་མཛད་ནུག།

དགུང་ལོ ༢༦ བཞེས་པའི་ གནམ་ལོ་ལྕགས་བྱ་ སྤྱི་ལོ་ ༡༩༨༡ ལོར་ བལ་ཡུལ་ལུ་ ལོངོ་ ༡ ལྷགཔ་ཅིག་གི་རིང་ལུ་ སྒྲུབ་པ་གནང་སྟེ་ བཞུགས་ཡོདཔ་མ་ཚད། དགུང་ལོ་ ༢༨ བཞེས་པའི་ གནམ་ལོ་ཆུ་ཕག་ སྤྱི་ལོ་ ༡༩༨༣ ལོར་ རྒྱ་གར་རྡོ་རྗེ་གླིང་ལུ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གིས་ སྦྱིན་བདག་མཛད་དེ་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་ལུ་བཞུགས་ནུག།

དེ་བཟུམ་མའི་ བོད་འབྲུག་གཉིས་ཀྱི་ སྐྱེས་ཆེན་དམ་པ་ བླ་སྤྲུལ་མང་རབས་ཅིག་ལས་ རིག་གཞུང་དང་ ཆོས་ལུགས་རིས་མེད་ཀྱི་ སྨིན་གྲོལ་གདམས་པའི་ དབང་ལུང་དང་ ཟབ་ཁྲིད་ཀྱི་ བདུད་རྩི་མཐའ་དག་ གསན་བཞེས་ཀྱིས་ མཁས་སྒྲུབ་གཉིས་ལུ་ རང་དབང་བརྙེས་ཏེ་ བསླབ་གསུམ་ཡང་དག་པའི་ དྲི་བཟང་གིས་ ཕྱོགས་བཅུར་ཁྱབ་པར་མཛད།

དགུང་ལོ་ ༣༡ བཞེས་པའི་ གནམ་ལོ་མེ་སྟག་ སྤྱི་ལོ་ ༡༩༨༦ ལུ་ རྒྱ་གར་རྡོ་རྗེ་གླིང་ལས་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་གྲོལ་ཏེ་ འབྲུག་ལུ་ ལོག་བྱོན་ཞིནམ་ལས་ རྟ་མགོ་བཤད་གྲྭའི་ དབུ་འཛིན་མཛད་དེ་ མི་ལོ་ ༡ གི་རིང་ལུ་བཞུགས་ནུག།

དགུང་ལོ་ ༣༢ བཞེས་པའི་ རབ་བྱུང་ ༡༧ པའི་ གནམ་ལོ་མེ་ཡོས་ སྤྱི་ལོ་ ༡༩༨༧ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ བཀའ་རྒྱ་དང་བསྟུན་ཏེ་ སྤུངས་ཐིམ་དགེ་འདུན་གྲྭ་ཚང་ནང་ སྒྲ་པའི་སློབ་དཔོན་གྱི་ གོ་གནས་བཞེས་ཏེ་ མི་ལོ་ ༤ གི་རིང་ལུ་བཞུགསཔ་ད་ སྤུངས་ཐིམ་གྲྭ་ཚང་གིས་གཙོས་པའི་ རབ་སྡེ་དང་ རབ་བྱུང་གི་སྡེ་ག་ར་ལུ་  བསླབ་སྡོམ་དང་ ཀུན་མཁྱེན་བཀའ་འབུམ་གྱི་ ལྗགས་ལུང་ཚུ་ གན་ཡོདཔ་མ་མ་ཚད་ སྒྲ་པའི་སྡེ་ཚན་ནང་ སྐུ་སྒེར་གྱི་ ཕྱག་མཛོད་ནང་ལས་ དངུལ་དུང་གསེར་སྦྲོན་མ་ཆ་ ༡ ཕུལ་གནང་ནུག།

དགུང་ལོ་ ༣༦ བཞེས་པའི་ གནམ་ལོ་ལྕགས་ལུག་ སྤྱི་ལོ་ ༡༩༩༡ ལུ་ སྒྲ་སློབ་ལས་ དགོངས་ཞུ་མཛད་དེ་ དབང་འདུས་ཕོ་བྲང་ ཤར་ཁྱུང་ལུང་དགོན་པར་ བྱོན་ཡོདཔ་བཞིན་དུ་ ཁྱུང་ལུང་དགོན་པའི་ བཤད་གྲྭའི་ནང་ ཀུན་མཁྱེན་བཀའ་འབུམ་གྱིས་གཙོས་པའི་ ལྗགས་ལུང་མང་རབས་ཅིག་ གནང་ཡོདཔ་མ་ཚད་ རྟེན་འབྲེལ་རབ་འདུན་གྱི་ ཉམས་ལེན་གནང་སྟེ་ ཟླ་ངོ་ ༧ དང་ རྒྱལ་ཁབ་ཀྱི་ བསྟན་སྤྱིའི་སྐུ་རིམ་ལུ་དམིགས་ཏེ་ ཟླ་ངོ་ ༦ ལྷགཔ་ཅིག་ བསྙེན་སྒྲུབ་ཡང་ གནང་བཞུགས་ནུག།

དེ་ལས་ དགུང་ལོ་ ༣༨ བཞེས་པའི་ གནམ་ལོ་ཆུ་བྱ་ སྤྱི་ལོ་ ༡༩༩༣ ལུ་ དད་ལྡན་སྦྱིན་བདག་ཚུ་གིས་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ལུ་ གདན་འདྲེན་ཞུ་སྟེ་ འཕགས་པའི་དགེ་འདུནམ་ ༥༠༠ ལྷགཔ་ཅིག་དང་ མི་སེར་ ༡༠༠༠ ལྷགཔ་ཅིག་ལུ་ བཀའ་འགྱུར་ཆེན་མོའི་ ལྗངས་ལུང་གནང་ཡོདཔ་མ་ཚད། དད་ལྡན་སྦྱི་བདག་ཚུ་གིས་ འབུལ་བ་ཕུལ་མིའི་ཐོག་ལས་ དངུལ་ཀྲམ་འབུམ་ ༢ ལྷགཔ་ཅིག་ བཤད་གྲྭ་དང་ སྒྲུབ་སྡེ་ སྒོམ་སྡེ་ཁག་སོ་སོར་ མཐུན་རྐྱེན་གྱི་ ཡོ་བྱད་ལུ་ སྦྱར་གནང་ནུག།

གཞན་ཡང་ དགེ་ལེགས་ཕུག་ གྲྭ་ཚང་ནང་ ཚེས་བཅུའི་དགའ་སྟོན་གྱི་དོན་ལུ་ འཆམ་ཆས་ཚུ་ གསར་སྒྲུབ་གནང་སྟེ་ བསྟན་པའི་ཕྱག་ལཱ་མང་རབས་ཅིག་ མཛད་གནང་པའི་ཁར་ དར་དཀར་ཆ་འདུས་ འབྲུག་རྒྱལ་སྒང་ལུ་ མི་སེར་བརྒྱ་ཕྲག་ལེ་ཤ་ཅིག་ལུ་ ཕྱག་ཆེན་སྔོན་འགྲོའི་ཁྲིད་དང་། མི་ཎི་བཀའ་འབུམ་གྱི་ ལྗགས་ལུང་ཚུ་ཡང་ གནང་ཡོདཔ་ཨིན་པས།

དགུང་ལོ་ ༤༠ བཞེས་པའི་ རབ་བྱུང་ ༡༧ པའི་ གནམ་ལོ་ཤིང་ཕག་ སྤྱི་ལོ་ ༡༩༩༥ ལོར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ བཀའ་རྒྱ་ལྟར་དུ་ སྤུངས་ཐིམ་གཞུང་གྲྭ་ཚང་ནང་ དགེ་འདུན་འདུས་པའི་ རྡོ་རྗེ་སློབ་དཔོན་གྱི་ གོ་གནས་བཞེས་ཏེ་ མི་ལོ་ ༡ གི་རིང་ བཞུགས་པའི་སྐབས་ལུ། དབང་འདུས་ཕོ་བྲང་ལུ་ བཀའ་འགྱུར་དང་ གཏེར་བཏོན་སངས་རྒྱས་གླིང་པའི་ཆོས་སྐོར་ དགོངས་འདུས་པོ་ཏི་ ༡༣ གྱི་ ལྗགས་ལུང་དང་། དགེ་ལེགས་ཕུག་ལུ་ ཕྱག་ཆེན་སྔོན་འགྲོ་དང་། ཀློང་ཆེན་སྙིང་ཐིག་གི་ སྔོན་འགྲོའི་ཁྲིད་ཡིག་ ཀུན་བཟང་བླ་མའི་ཞལ་ལུང་། རྟེན་འབྲེལ་གྱི་ བཀའ་ཁྲིད་ཚུ་ གདུལ་བྱའི་བློ་དང་མཐུན་པར་ མཛད་གནང་ནུག།

དེ་ལས་ དར་དཀར་བཀྲ་ཤིས་གཡང་རྩེའི་ གྲྭ་ཚང་ནང་ ཀུན་མཁྱེན་བཀའ་འབུམ་དང་ བཀའ་བརྒྱུད་གོང་མའི་གསུང་འབུམ་ འབྲུག་ལུགས་ཀྱི་ འདོན་ཆ་ཡོངས་རྫོགས་ཀྱི་ ལྗགས་ལུང་དང་ སྔོན་འགྲོའི་བཀའ་ཁྲིད་ཚུ་ གནང་ཡོདཔ་མ་ཚད་ རྟ་ལི་ཟངས་མདོག་དཔལ་རི་ལྷ་ཁང་ བཞེངས་འཕྲོ་སྦེ་ ལུས་ཡོད་མི་དེ་ལུ་ཡང་ སྐུ་སྒེར་གྱི་ ཕྱག་མཛོད་ནང་ལས་ དངུལ་ཀྲམ་འབུམ་ ༥ ལྷགཔ་ཅིག་གནང་སྟེ་ ཟངས་མདོག་དཔལ་རི་ལྷ་ཁང་ལུ་ གསེར་ཏོག་རྒྱ་ཕིབས་དང་བཅས་པ་ གསར་བསྒྲུབས་མཛད་གནང་ནུག།

དེ་གི་ཤུལ་ལས་ མོང་སྒར་ཆ་འོག་ སྔ་ཚང་བཀྲིས་ཆོས་འཕེལ་གླིང་ བཤད་གྲྭའི་ནང་ ལྷུན་རྩེ་དང་ མོང་སྒར་ བཀྲ་ཤིས་སྒང་ ཀུར་སྟོད་བྱང་ཆུབ་གླིང་ རབ་སྡེ་ཁག་བཞི་གི་ དགེ་སློང་ ༢༠༠ ལྷགཔ་ཅིག་དང་ རྐང་པར་དང་ ལྕགས་སྲིད་མཁར་ ཁབ་ཏི་སྦིས་མཁར་དང་ བསམ་གླིང་ལ་སོགས་པའི་ དགོན་སྡེ་ཁག་གི་ སྒོམ་ཆེན་དང་ ཨ་ནེམོ་བརྒྱ་ཕྲག་ཚུ་ལུ་ དགེ་སྙེན་དང་ དགེ་ཚུལ་གྱི་ སྡོམ་པ་ཚུ་ གནང་པའི་ཁར། དགེ་སློང་དང་ སྒོམ་ཆེན་ ཨ་ནེམ་ཚུ་གིས་གཙོས་པའི་ དད་ལྡན་མི་སེར་ཚུ་ལུ་ ཉིན་གྲངས་ ༩ གི་རིང་ལུ་ གདུལ་བྱའི་བློ་དང་མཐུན་པའི་ ཆོས་བཤད་དང་ དབང་ལུང་ཚུ་གིས་ཡང་ ཚིམས་པར་མཛད་ནུག།

དགུང་ལོ་ ༤༢ རབ་བྱུང་ ༡༧ པའི་ གནམ་ལོ་མེ་བྱི་ སྤྱི་ལོ་ ༡༩༩༦ ལོར་ དཔལ་འཁོར་ལོ་སྡོམ་པའི་གནས་ཆེན་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ དཔལ་ལྡན་འབྲུག་པའི་ ཆོས་བདག་ཆེན་པོ་ རྡོ་རྗེ་འཆང་གི་ སེང་ཁྲིར་ཕེབས་ཡོདཔ་ད། དུས་དེ་ལས་ འགོ་བཟུང་སྟེ་ སྤྱིར་འགྲོ་བ་རིགས་དྲུག་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ མཐའ་དབུས་མེད་པའི་ འགྲོ་བ་མི་སེར་ཡོངས་ལུ་ གང་ལ་གང་འདོད་ཀྱི་སྒོ་ལས་ དམ་ཆོས་བདུད་རྩི་གིས་ ཚིམས་པར་མཛད་བཞིན་དུ་ཡོདཔ་ཨིན།

དེ་མ་ཚད་ གླིང་བཞི་དང་ སྒར་ས་ བསམ་གྲུབ་ལྗོངས་མཁར་ ཁེང་ཝེ་རིང་ལ་ བསམ་རྩེ་ཅེང་མ་རི་ཚུ་ལུ་ གྲྭ་ཚང་གསར་བཙུགས་གནང་པའི་ཁར་ སྐུ་གསུང་ཐུགས་རྟེན་དང་ དུས་མཆོད་འབུམ་སྡེའི་རིམ་པ་ཚུ་ཡང་ གསར་བཙུགས་གནངམ་ལས་ ནང་པ་སངས་རྒྱས་པའི་ བསྟན་པ་རིན་པོ་ཆེ་ ཡར་ངོའི་ཟླཝ་བཞིན་དུ་ གོང་ལས་གོང་ལུ་ འཕེལ་བཞིན་དུ་ཡོདཔ་ཨིན།

དེ་ལས་ གཞན་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་ རྫོང་ཁག་ ༢༠ པོ་གེ་རའི་ནང་ ཆོས་དོན་གཟིགས་སྐོར་ལུ་ ལན་གྲངས་མང་རབས་ཅིག་ ཆིབས་བསྐྱོད་གནང་སྟེ་ རྫོང་གཞི་དང་ ལྷ་ཁང་དགོན་སྡེ་ མཆོད་རྟེན་མང་རབས་ཅིག་ལུ་ རབ་ཏུ་གནས་པའི་ བཀྲ་ཤིས་རབ་གནས་ མཛད་གནང་ཡོདཔ་མ་ཚད། ས་གནས་འཚུབ་དྲག་དང་ ས་རུད་ཆུ་རུད་ཐོན་སའི་ ས་ཁོངས་ཉེན་ཁ་ཅན་དང་ ཟམ་གསར་བསྐྲུན་གྱི་ ས་ཁོངས་ཚུ་གི་ནང་ཡང་ གནས་བདག་གཞི་བདག་དང་ ཡུལ་ལྷ་ཚུ་ལུ་ གསོལ་མཆོད་ཕུལ་ཐོག་ལས་ ཐུགས་སྨོན་གནང་སྟེ་ ས་བཅུད་བུམ་གཏེར་ཚུ་ བཙུགས་གནང་པའི་ཁར། རྒྱལ་ཁབ་མཐའ་དབུས་གེ་རའི་ནང་ ནད་མུག་འཁྲུག་རྩོད་མེད་པར་ ཇི་སྲིད་ནམ་གནས་ཀྱི་བར་ན་གནས་པའི་ ཐུགས་སྨོན་གནང་པར་བྱོན་མི་འདི་ ང་བཅས་རའི་ འབྲུག་མི་ག་ར་གིས་ མཁྱེན་སར་ཨིན།

གནམ་ལོ་ཆུ་ལུག་ སྤྱི་ལོ་ ༢༠༠༣ ལོར་ སྐྱབས་རྗེ་རིན་པོ་ཆེ་གིས་ བུམ་ཐང་ལུ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གི་ པུར་སྦྱང་མཛད་ཡོདཔ་མ་ཚད། གནམ་ལོ་ཤིང་བྱ་ སྤྱི་ལོ་ ༢༠༠༥ ལུ་ རྗེ་མཁན་ཁྲི་རབས་རེ་བདུན་པ་ སྐྱབས་རྗེ་ཉི་ཟེར་སྤྲུལ་སྐུ་ ངག་དབང་འཕྲིན་ལས་ལྷུན་གྲུ་མཆོག་ ཞིང་ལུ་ཕེབས་པའི་ པུར་སྦྱང་ཡང་ མཛད་གནང་ནུག།

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགུང་ལོ་ ༥༢ བཞེས་པའི་ གནམ་ལོ་མེ་ཁྱི་ སྤྱི་ལོ་ ༢༠༠༦ ལུ་ རྒྱལ་ཁབ་དང་ མི་དབང་ཡབ་སྲས་རྣམ་གཉིས་ཀྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ འབངས་མི་སེར་ཡོངས་ལུ་ འཕྲལ་ཕུགས་ ༢ ཀྱི་ མཐའ་དོན་ལུ་གཟིགས་ཏེ་ སྐྱབས་རྗེ་རང་གི་ སྐུ་སྒེར་ཕྱག་མཛོད་ལས་ རྒྱུ་སྤུས་གོས་ཆེན་གུ་ ཚེམས་འདྲུབས་མའི་ འཕགས་པ་གནས་བརྟན་བཅུ་དྲུག་གི་ སྐུ་འདྲ་ཆ་ཚང་ཡོད་པའི་ མཐོང་གྲོལ་ཆེན་མོ་ མཐོ་ཚད་པིཊ་ ༤༠ དང་ རྒྱ་ཚད་ཕིཊ་ ༥༤ འབད་མི་ཅིག་ བཞེངས་གནང་སྟེ་ ད་རེས་ནངས་པར་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ བཞུགས་སུ་གསོལ་ཏེ་ཡོདཔ་མ་ཚད་ ལོ་བསྟར་བཞིན་དུ་ ང་བཅས་ཆ་ཁྱབ་ཀྱིས་ ཕྱག་འཚལ་སའི་རྟེན་དང་ དད་པའི་ཡུལ་ལུ་ཡང་ མཇལ་ཁ་ཞུ་བཞིན་དུ་ཡོདཔ་ཨིན།

དེ་མ་ཚད་ སྐྱབས་རྗེ་རིན་པོ་ཆེ་གིས་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཡོངས་ལུ་ ཆོས་མེད་ལུ་ཆོས་དང་ དབང་མེད་ལུ་ དབང་ལུང་ཚུ་ གནང་པའི་ནང་ལས་ཡང་ ཆོས་ཀྱི་བཀའ་ཁྲིད་ཚུ་ གནང་བཞིན་པར་ཡོད་པའི་གུ་ རྫོང་ཁག་གེ་རའི་ནང་ ལོ་བསྟར་སྨོན་ལམ་ཆེན་མོ་དང་། མ་ཎི་དུང་སྒྲུབ། བཛྲ་གུ་རུ་དུང་སྒྲུབ་ལ་སོགས་པ་ སྔར་མེད་གསར་གཏོད་ཀྱིས་ ནམ་མཁའི་སྐར་མ་ལྟ་བུར་ ཁྱབ་སྤེལ་མཛད་བཞིན་དུ་ ད་ལས་ཕར་ཡང་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་ཏེ་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ གོང་ལས་གོང་ལུ་འཕེལ་ཞིང་ བཞུགས་སུ་གསོལ་བའི་ སྨོན་འདུན་ཞུ་ནི་ཨིན།

Comments are closed.

Related

རྒྱལ་རབས།

འབྲུག་གི་སྡེ་སྲིད་ཁྲི་རབས་རིམ་པར་བྱོན་ཚུལ།

  རྩོམ་བྲིས་འབད་མི་: མགོན་པོ་རྡོ་རྗེ།སྡེ་སྲིད་ཁྲི་རབས་དང་པ། ༆   སྡེ་སྲིད་དབུ་མཛད་ བསྟན་འཛིན་འབྲུག་རྒྱལ་མཆོག་ སྤྱི་ལོ་ ༡༥༩༡ རབ་བྱུང་ ༡༠ པའི་ ལྕགས་ཡོས་ལོར་ དགོན་འོབས་མཚོ་ཡུལ་གསར་ལུ་ གྲུབ་ཐོབ་གཏེར་ཁུངས་པའི་ གདུང་བརྒྱུད་ལས་ སྐུ་འཁྲུངས་ནུག། སྔོན་གྱི་སྨོན་ལམ་ཀྱི་ ལས་འཕྲོ་སད་དེ་ དགུང་ལོ་ ༡༡ ལུ་ འབྲུག་ར་ལུང་གི་གདན་སར་ ཡབ་བསྟན་པའི་ཉི་མ་དང་ ཞབས་དྲུང་རིན་པོ་ཆེའི་ ཞབས་སར་བཅར་ཏེ། གར་ཐིག་དབྱངས་ ༣ གྱིས་གཙོས་པའི་ རིག་གནས་མཐའ་དག་དང་། དབང་ལུང་ཁྲིད་གསུམ་ རྩིས་གཞུང་དཀར་ནག་ལ་སོགས་པའི་ ཕྱི་ནང་གསང་གསུམ་ལུ་ ཐོགས་པ་མེད་པའི་ སྒྲོ་འདོགས་ཆོད་པར་མཛད་དེ། དགུང་ལོ་ ༢༠ ལས་ ཞབས་དྲུང་རིན་པོ་ཆེའི་ དབུ་མཛད་དང་ ཕྱག་མཛོད་སྦྲེལ་མར་མཛད་ནུག། སྤྱི་ལོ་ ༡༦༥༡ རབ་བྱུང་ ༡༡ པའི་ ལྕགས་ཡོས་ལོར་ ཞབས་དྲུང་རིན་པོ་ཆེ་ གསང་བའི་ཐུགས་དམ་ལུ་ བཞུགས་ཞིནམ་ལས་ཚུར་ ལུགས་གཉིས་འཁོར་ལོས་བསྒྱུར་བའི་ རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ། དགུང་ལོ་ ༦༦ སྤྱི་ལོ་ ༡༦༥༦ […]

gyalchi
རྒྱལ་རབས།

འབྲུག་ཆོས་ཀྱི་དབུ་ཁྲིད་ རྗེ་མཁན་ཁྲི་རབས་རིམ་བྱོན།

རྗེ་མཁན་ཁྲི་རབས་དང་པ། བྲིས་རྩོམ་འབད་མི་: མགོན་པོ་རྡོ་རྗེ། ༆   སྐྱབས་རྗེ་པད་དཀར་འབྱུང་གནས་མཆོག་ སྤྱི་ལོ ༡༦༠༤ རབ་བྱུང་ ༡༠ པའི་ གནམ་ལོ་ཤིང་འབྲུག་ལོར་ ཐིམ་ཕུ་ཅང་སྟོད་སྒང་ཁར་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་ ཉི་མའི་གདུང་བརྒྱུད་ལས་ འཁྲུངས་ཡོདཔ་ད། དེ་ལས་ གདན་ས་ར་ལུང་ལུ་ སྐྱབས་མགོན་ཆེན་པོའི་ ཞབས་སར་བཅར་ཏེ་ དབྱངས་ཐིག་གར་གསུམ་དང་ མན་ངག་ གཞུང་ཆེན་ དཀར་ནག་གི་ རྩིས་གཞུང་ལ་སོགས་པ་ཚུ་ལུ་ གསན་བསམ་ཕུལ་ཕྱིན་མཛད། དགུང་ལོ་ ༡༨ སྤྱི་ལོ་ ༡༦༢༠ ལྕགས་སྤྲེལ་ལོར་ ལྕགས་རི་ལུ་ དགེ་འདུན་གྲྭ་ཚང་ འགོ་དང་པ་ བཙུགས་གནང་པའི་སྐབས་ལུ། དཔལ་ལྡན་འབྲུག་པའི་ ཆོས་ཁྲིམས་པའི་ གོ་གནས་ཁར་ བསྐོ་བཞག་གནངམ་ལས། ཆོས་རྗེ་འབྲུག་པའི་ སྒྲིག་ལམ་རྣམ་གཞག་དང་ སྤུ་ཙམ་ཡང་ འགལ་བ་མེད་པར་ བྱ་སྤུ་གནོན་གྱི་ ལམ་སྲོལ་བཟང་པོ་ཚུ་ བཙུགས་གནང་ནུག། སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ གསར་བཞེངས་གནང་སྟེ་ དགེ་འདུན་འདུས་པའི་གྲྭ་ཚང་ འགོ་བཙུགས་གནང་པའི་སྐབས་ལུ། དགུང་ལོ་ ༤༨ སྤྱི་ལོ་ ༡༦༥༡ རབ་བྱུང་ ༡༡ […]

gyalchi
རྒྱལ་རབས།

འབྲུག་གི་རྒྱལ་རབས་མདོར་བསྡུས་ ན་གཞོན་གསལ་བའི་མེ་ལོང་།

༆   འབྲུག་རྒྱལ་ཁབ་འདི་ ཧེ་མར་ རྒྱ་གར་དང་ དུས་མཉམ་ལུ་ ཆགས་ཡོད་པའི་ རྒྱུ་མཚན་དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་དག་པའི་སྐྱེ་བ་ལྔ་བརྒྱ་དང་ མ་དག་པའི་སྐྱེ་བ་ལྔ་བརྒྱ་བཞེས་པའི་ནང་གསེས་ལས་ རྒྱལཔོ་དོན་གྲུབ་དང་། ཐམས་ཅད་སྒྲོལ། གཙུག་ན་ནོར་བུ། དྲི་མེད་ཀུན་ལྡན་ལ་སོགས་པའི་ སྐུ་སྐྱེས་བཞེས་ཏེ་ འགྲོ་དོན་མཛད་པའི་སྐབས་ལུ་ རྒྱལ་སྲིད་སྤངས་ཏེ་ འཇིགས་སུ་རུང་བའི་ རི་བྲག་དང་ ནགས་ཚལ་སྟུག་དྲགས་ཚུ་ནང་ ཏིང་ངེ་འཛིན་གྱི་ ཟས་ལུ་བརྟེན་ཏེ་ དཀའ་སྤྱད་མཛད་པའི་ གནས་ཨིན་ཟེར་ གསུངས་ཡོད་མི་དེ་ བལ་བོད་ཚུ་ལུ་ རྒྱ་མཚོ་མ་སྐམ་པར་ཡོདཔ་ལས་ འབྲུག་འདི་ཨིན་པའི་ ཐེ་ཚོམ་མིན་འདུག། རྒྱལ་ཁབ་འདི་ལུ་ ཧེ་མར་ སྨན་ལྗོངས་དང་ ལྷོ་མོན་ཟེར་ སླབ་སྲོལ་ཡོད་མི་དེ་ཡང་ ཡུལ་ལྗོངས་འདི་ནང་ སྔོ་སྨན་གྱི་རིགས་ འདྲ་མིན་སྣ་ཚོགས་ཡོད་པ་ལུ་བརྟེན་ཏེ་ སྨན་ལྗོངས་དང་། ལྷོ་མོན་ཟེར་མི་འདི་ ཡུལ་ལྗོངས་འདི་ བོད་ཀྱི་ལྷོ་ཕྱོགས་ལུ་དང་ ནང་པ་སངས་རྒྱས་པའི་ བསྟན་པ་མེད་པར་ དགེ་སྡིག་སྤང་བླངས་དང་ ལས་རྒྱུ་འབྲས་ཚུ་ བརྩིས་མ་ཤེསཔ་ལས་ཡུལ་ལྗོངས་ལུ་ མོན་ཡུལ་དང་ མི་ལུ་མོན་པ་ཟེར་མི་གཉིས་སྦྲེལ་ཏེ་ ལྷོ་མོན་ཟེར་ དར་ཡོད་རུང་། ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ཟེརཝ་མ་གཏོགས་ ལྷོ་མོན་ཟེར་མི་མིང་ཙམ་ཡང་མེདཔ་ཨིན། འབྲུག་གི་མི་རབས་བྱུང་ཚུལ། ༆   […]

gyalchi
Online now: 29 Today: 241 Total visitors: 2918