ArchiveAboutContact
བསམ་འཆར།

རྒྱལ་ཡོངས་གྱོན་ཆས་དང་ སྐད་ཡིག་ལུ་ བརྩོན་དགོཔ་གལ་ཅན།

gyalchi · 1 min read

ང་བཅས་རའི་ རྒྱལ་ཁབ་ཀྱི་ ངོ་རྟགས་བཟང་པོ་ རྒྱལ་ཡོངས་གྱོན་ཆས་ བགོ་དང་ དཀྱི་ར་དང་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ཨིན་རུང་ ད་རེས་ནངས་པར་ འབྲུག་མི་ལེ་ཤ་ཅིག་གིས་ར་ རྒྱལ་ཡོངས་གྱོན་ཆས་དང་ རྒྱལ་ཡོངས་སྐད་ཡིག་འདི་ལུ་ དང་འདོད་མི་སྐྱེདཔ་ཨིན་པས།

མ་གཞི་ ང་བཅས་རའི་ རྒྱལ་ཁབ་འདི་ རྒྱལ་ཁབ་སྟོབས་ཅན་ རྒྱ་དཀར་ནག་ ༢ ཀྱི་བར་ན་ ས་རྒྱ་ཆུང་པའི་གུ་ མི་རློབས་ཡང་ གནམ་ཉིན་མའི་ སྐར་མ་བཟུམ་སྦེ་ ཉུང་དྲགས་ཅིག་ལས་མེད་རུང་ འཛམ་གླིང་ནང་ ཡོངས་གྲགས་ཐོན་ཏེ་ཡོད་མི་འདི་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ལུ་བརྟེན་ཏེ་ཨིནམ་ལས་ དེ་བཟུམ་མའི་ ལམ་ལུགས་ཚུ་ བདག་འཛིན་འཐབ་ནི་འདི་ འབྲུག་མི་ཡོངས་ཀྱི་ འགན་ཁུར་མིན་ན་ཟེར་ མནོཝ་ཨིན་པས།

དེ་སྦེ་ འབྲུག་མི་ཚུ་གི་ འགན་ཁུར་ཨིན་པ་ཅིན་ གཞུང་གི་འགོ་དཔོན་ཚུ་ལས་ འགོ་བཙུགས་ཏེ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་དང་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ལུ་ དང་འདོད་མ་སྐྱེད་པར་ ཕྱི་ཁའི་ལམ་སྲོལ་དང་ སྐད་ཡིག་ཚུ་ལུ་ ག་ཅི་སྦེ་ ཤུགས་སྟོནམ་ཨིན་ན་ཟེར་ ཞུ་ནི་ཨིན།

དེ་ཡང་ དཔྱེ་འབད་བ་ཅིན་ ང་བཅས་རའི་ ཁྲིམས་བཟོའི་གཙུག་སྡེ་མཐོ་ཤོས་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ སྤྱི་ཚོགས་ནང་ རྫོང་ཁ་ཉག་རྐྱང་ཐོག་ལུ་ གསུང་གྲོས་མ་གནང་པར་ ཨིང་སྐད་བླ་བསྲེ་རྐྱབ་སྟེ་ གསུང་གྲོས་གནང་མི་འདི་ ག་ཅི་ལུ་བརྟེན་ཏེ་ཨིན་ན་?

ད་རེས་ནངས་པར་ རྫོང་ཁའི་ནང་ མིང་ཚིག་གིས་ འགབ་མི་ཚུགས་པར་ཨིན་ཟེར་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་སྲས་ཚུ་གིས་ ཨིང་ལིཤ་གི་མིང་ཚིག་ ཟུར་ཙམ་ཡང་མེད་པར་ རྫོང་ཁ་ཉག་རྐྱང་ཐོག་ལུ་ གསུངས་གནང་མི་འདི་ ག་ཅི་ཨིན་ན?

འཇིག་རྟེན་པའི་ དཔྱེ་གཏམ་ལུ་ཡང་ རོགས་ཁ་མ་ཤེས་ རང་ཁ་བྱང་ཟེར་ སླབ་དོ་བཟུམ་སྦེ་ རོགས་ཀྱི་སྐད་ཡིག་དེ་ ལེགས་ཤོམ་སྦེ་ མ་ཤེས་མི་དེནི་ ད་རེས་ནངས་པར་ མིག་གིས་མཐོང་སར་དང་ ལག་པ་གིས་ ཟུན་སར་ཡོདཔ་ཨིནམ་ མི་མང་ག་ར་གིས་ ཤེས་གསལ་ལྟར་དུ་ཨིནམ་ལས་ ལོགས་སུ་སྦེ་ སླབ་དགོཔ་ཅིག་མ་མཐོང་།

གནད་དོན་དེ་ལུ་བརྟེན་ཏེ་ ད་རེས་ནངས་པར་ ཧེ་མའི་མཁས་དབང་ཚུ་དང་ རྒན་ཤོས་ཚུ་ མ་ཡལཝ་ཅིག་ཁར་ རྫོང་ཁའི་མིང་ཚིག་ཚུ་ བདག་འཛིན་འཐབ་སྟེ་ ལྷབ་དགོཔ་དེ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ གཞུང་གི་དཔོན་ཁག་ཚུ་ལུ་ མ་ཕོགཔ་ཨིན་ན་ཟེར་ ཞུ་ནི་དང་འབྲེལ་ ང་གིས་ རྒྱལ་ཁབ་ཀྱི་ སྔར་སྲོལ་བཟང་པོ་དང་ སྐད་ཡིག་ཚུ་ལུ་ ཆགས་ཞེན་ཐོག་ལས་ ཞུ་མི་འདི་ལུ་ འཛོལ་བ་རེ་ཡོད་པ་ཅིན་ བཟོད་གསོལ་བཞེས་ཏེ་ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་ཨིན།

སངས་རྒྱས་ལྷུན་གྲུབ།

ཐིམ་ཕུ་ཀ་ཝང་གྱང་ས།

Comments are closed.

Related

བསམ་འཆར།

རྒྱལ་ཡོངས་ཚོགས་འདུའི་ནང་ ལས་སྡེ་གཞན་ཁ་ལས་ ཚོགས་དཔོན་བསྐོ་བཞག།

རྒྱལ་ཡོངས་ཚོགས་འདུའི་ནང་ གཞུང་སྐྱོང་ཚོགས་པའི་ནང་ལས་ ཚོགས་དཔོན་བསྐོ་བཞག་འབད་མི་དེ་ རྒྱལ་སྤྱིའི་ལམ་ལུགས་ཅིག་ཨིན་རུང་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ སྲིད་དོན་ཚོགས་པ་དང་ འབྲེལ་བ་མེད་པའི་ གཞུང་སྒེར་གྱི་ ལས་སྡེ་གཞན་ཅིག་ལས་ འོས་འབབ་ཅན་ཅིག་ བསྐོ་བཞག་གནང་པ་ཅིན་ རྒྱལ་ཡོངས་ཚོགས་འདུ་འདི་ སྔར་བ་ལྷག་པའི་ སྒྲིང་སྒྲིང་དང་ ཡིད་ཆེས་ཅན་ཅིག་ལུ་ འགྱུར་ནི་མས་ཟེར་ཨིན་པས།མ་གཞི་ ད་ཚུན་གྱི་རིང་ལུ་ ཆགས་སྡང་ཕྱོགས་རིས་ཀྱི་ གནད་དོན་ལ་སོགས་པ་ཚུ་ མ་ཐོན་ཏེ་འབད་རུང་ ལྟོ་ཟ་ས་ལས་ ཧབ་ཟེར་དོ་བཟུམ་སྦེ་ མ་འོངས་པ་ལུ་ ཆགས་སྡང་ཕྱོགས་རིས་ ཨ་ཙི་རེ་ མི་འཐོན་ག་མནོ་བའི་ དོགས་པ་ཡོདཔ་ལས་ ཆུ་མ་འོང་གོང་ལས་ གཡུར་བ་ཟེར་ སླབ་དོ་བཟུམ་སྦེ་ མ་འོངས་པ་ལུ་ཡང་ ཆགས་སྡང་ཕྱོགས་རིས་ཀྱི་ ངན་ལྷད་ཚུ་ མི་འཐོན་ནིའི་དོན་ལས་ ཚོགས་དཔོན་དེ་ ལས་སྡེ་གཞན་ཅིག་ལས་ར་ བསྐོ་བཞག་གནང་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་པའི་ བསམ་འཆར་བཀོདཔ་ཨིན་པས།དེ་ཡང་ མི་མང་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ནང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ ༢ ཀྱི་བར་ན་ རྩོད་བསྡུར་ཐོག་ལས་ གསུང་གྲོས་གནང་པའི་ཤུལ་ལུ་ ཚོགས་དཔོན་གྱིས་ ཉེན་ཁ་མི་འབག་ནིའི་དོན་ལས་ མང་མོས་ཀྱི་ ཚོགས་རྒྱན་བཙུགསཔ་ད་ ད་རེས་ནངས་པའི་ […]

gyalchi
བསམ་འཆར།

རྒྱལ་ཁབ་ནང་ དྲག་ཤོས་ཀྱི་ མཚན་གནས་ཐོབ་ཁུངས།

ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ དང་ཕུ་འབད་བ་ཅིན་ དྲག་ཤོས་ཀྱི་ མཚན་གནས་ཐོབ་མི་དེ་ བཀབ་ནེ་འབུ་རས་དམརཔོ་ ཐོབ་མི་རྐྱངམ་ཅིག་ཨིན་རུང་ ད་རེས་ནངས་པར་ གཞུང་གི་འགོ་དཔོན་ ལེ་ཤ་ཅིག་ལུ་ར་ དྲག་ཤོས་ཟེར་ ཞུ་དགོཔ་ལས་ འབྲུག་པའི་མི་སེར་ཚུ་ མགུ་ཐོམས་པའི་ གཞི་ཅིག་ལུ་ གྱུར་ཡོདཔ་ཨིན་པས། དེ་ཡང་ དམག་མིའི་ནང་ སྡེ་བདག་ལས་ འགོ་བཙུགས་ཏེ་དང་ ཞི་གཡོག་ནང་འབད་བ་ཅིན་ རབ་འབྱམས་ཡན་ཆད་ལུ་ དྲག་ཤོས་དང་ ཨམ་སྲུ་ཡོད་ཚད་ཅིག་ལུ་ ཨ་མའི་མིང་གནས་ སྦྱར་དགོཔ་ལས་ འབྲུག་པའི་ལམ་སྲོལ་བཟང་པོ་འདི་ ཉམས་འགྱོ་དོ་བཟུམ་མའི་ ཚོར་སྣང་འབྱུང་མས་ཟེར་ རྒན་ཤོས་ཚུ་གིས་ བཤདཔ་་ཨིན་པས། དེ་མ་ཚད་ འགོ་དཔོན་མང་ཤོས་ཅིག་གི་ ཐུགས་བཞེད་ལུ་ཡང་ དྲག་ཤོས་ཟེར་ མ་ཞུ་བ་ཅིན་ ཐུགས་མ་དགྱེསཔ་བཟུམ་མའི་ རྣམ་འགྱུར་ཚུ་ སྟོན་དོ་ཡོད་པའི་གུ་ ཞུ་ཡིག་ཚུ་གི་ མགུ་རྒྱན་ལུ་ཡང་ དྲག་ཤོས་རིན་པོ་ཆེ་ཟེར་ མ་འབྲི་བ་ཅིན་ ཞུ་ཡིག་ཕུལ་མི་དེ་ཡང་ བསམ་པ་མ་རྫོགསཔ་བཟུམ་ཅིག་དང་ སྐྱིད་སྡུག་མི་འཐོབ་ནི་བཟུམ་ཅིག་སྦེ་ ཚོརཝ་ཨིན་པས། དེ་འབདཝ་ལས་ འཇིག་རྟེན་པའི་ དཔྱེ་གཏམ་ལུ་ཡང་ ལ་མ་བརྒལ་ ལ་རྩའི་མགུ་དང་ ཆུ་མ་བརྒལ་ ཟམ་པའི་སྦུག་ཟེར་ […]

gyalchi
Online now: 29 Today: 942 Total visitors: 3619