ArchiveAboutContact
National News

རྒྱལ་པོའི་གཟིམ་དཔོན་ དྲག་ཤོས་རྡོ་རྗེ་རྒྱལ་མཚན་ གཤགས་མི་ལུ་གུས་བཏུད། 

· 1 min read

འབྲུག་རྒྱལ་པོ་རིམ་ཐེངས་ ༣ གྱི་ ཕྱག་ཞུ་བའི་ཤུལ་ལས་ དགུང་ལོ་ ༨༣ བཞེས་མི་ རྒྱལ་པོའི་གཟིམ་དཔོན་ དྲག་ཤོས་རྡོ་རྗེ་རྒྱལ་མཚན་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ ཐིམ་ཕུ་ལུ་སྦེ་ གཤགས་སོངཔ་ཨིན་པས།

དེ་ཡང་ སྤྱི་ལོ་ ༡༩༤༢ ལུ་ སྤ་རོ་དུས་བཞི་ཆུམ་གྱི་ བཟའ་ཚང་ནང་འཁྲུངས་མི་ དྲག་ཤོས་རྡོ་རྗེ་རྒྱལ་མཚན་དེ་ སྤྱི་ལོ་ ༡༩༥༠ ང་གྲངས་ལས་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ནང་ འཛུལ་ཞུགས་མཛད་པའི་ཤུལ་ལས་ རྒྱལ་ཁབ་ནང་ འཁོར་ལམ་ཚུ་ འགོ་དང་པ་ བཏོན་པའི་སྐབས་ལུ་ འཁོར་ལམ་བཟོ་བསྐྲུན་གྱི་ ལཱ་ཚུ་ནང་ རྒྱབ་སྐྱོར་མཛད་ནུག།

དེ་ལས་ སྤྱི་ལོ་ ༡༩༦༣ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ མི་དབང་རྒྱལ་སྲས་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ ཕྱག་ཞུ་དགོ་པའི་ བཀའ་རྒྱ་སྤྱི་བོར་ཕེབས་མི་དང་བསྟུན་ཏེ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ མི་དབང་རྒྱལ་སྲས་མཆོག་གི་ སྐུ་སྲུང་དང་ གསོལ་གཡོག་འབྲེལ་བཞག་སྦེ་ ཕྱག་ཞུ་མི་ལུ་བརྟེན་ཏེ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཐུགས་ཧྲིལ་བུར་གཏད་ཚུགས་པའི་ ཕྱག་ཡོགཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

དེ་གི་ཤུལ་ལས་ སྤྱི་ལོ་ ༡༩༧༢ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ ཀྲོང་གསར་གཟིམ་དཔོན་གྱི་ གོ་གནས་གནང་ཞིནམ་ལས་ཚུར་ དམ་ཚིག་གཙང་མའི་སྒོ་ལས་ མི་དབང་མངའ་བདག་རྒྱལཔོ་ རིམ་བྱོན་དང་ མི་སེར་ཚུ་གི་ ཕྱག་ཕྱིད་ཞུ་ནུག།

དེ་སྦེ་ དྲག་ཤོས་གཟིམ་དཔོན་གྱིས་ ལོ་ངོ་ ༣༤ གི་རིང་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ གཟིམ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ལུ་ རྒྱལཔོ་དང་ མི་སེར་གྱི་བར་ན་ ཟམ་བཟུམ་སྦེ་ ཉག་ཕྲ་བའི་ མི་སེར་ཚུ་གི་ སྐྱིད་སྡུག་ཚུ་ མི་དབང་རྒྱལཔོ་མཆོག་ལུ་ སྙན་འབུལ་ཞུ་ནི་ཡོདཔ་ ངེས་གཏན་བཟོ་སྟེ་ འཐུས་ཤོར་མེད་པར་ ཕྱག་ཞུ་ཡོདཔ་ཨིན་པས། 

དེ་མ་ཚད་ དྲག་ཤོས་གཟིམ་དཔོན་གྱིས་ འབྲུག་རྒྱལ་ཁབ་ཀྱི་ ཡར་རྒྱས་གོང་འཕེལ་དང་འབྲེལ་ཏེ་ རྒྱལ་ཁབ་ཀྱི་ངོ་རྟགས་ སྔར་ཁྱུན་ལམ་སྲོལ་བཟང་པོ་ཚུ་ མ་འོངས་མི་རབས་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ བསླབ་སྟོན་མཛད་གནང་མི་ སྒྲིག་ལམ་རྣམ་གཞག་གི་ དཔེ་དེབ་ཅིག་ཡང་ དཔར་བསྐྲུན་མཛད་ནུག།

དེ་ལས་ གཞན་ཡང་ རྒྱལ་ཡོངས་དུས་ཆེན་དང་ རྒྱལ་ཡོངས་ཚོགས་འདུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ གསེར་ཁྲིར་མངའ་གསོལ་དང་ སྤྱི་ལོ་ ༡༩༨༨ ལུ་ མི་དབང་རྒྱལ་བཙུན་ཁབ་ཏུ་བཞེས་པའི་ རྟེན་འབྲེལ་གྱི་ མཛད་སྒོ་ཚུ་བརྩིས་ཏེ་ དུས་སྟོན་མང་རབས་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ སྤྱི་ལོ་ ༡༩༩༩ ལུ་ འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲིར་ཕེབས་ཏེ་ མི་ལོ་ ༢༥ འཁོར་བའི་ དུས་སྟོན་དང་ སྤྱི་ལོ་ ༢༠༡༡ ལུ་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་ ཀྲོང་གསར་དཔོན་སློབ་ཀྱི་ ཁྲི་ཐོག་ལུ་བྱོན་པའི་ རྟེན་འབྲེལ་གྱི་ མཛད་སྒོ་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དྲག་ཤོས་མཆོག་གིས་ རྒྱལ་ཁབ་ཀྱི་ མི་སེར་ཚུ་གི་ སྐྱིད་སྡུག་དང་འབྲེལ་ཏེ་ དད་དམ་གཙང་མའི་སྒོ་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཕྱག་ཞུ་བའི་ངོས་ལེན་ལུ་ སྤྱི་ལོ་ ༡༩༩༩ ལུ་ གསེར་ཁྲིར་མངའ་གསོལ་གྱི་ གསེར་གྱི་རྟགས་མ་ གནང་ཡོདཔ་ད་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ལཱ་གལ་ཅན་ཚུ་གི་གྲས་ལས་ སྤྱི་ལོ་ ༢༠༠༣ ལོར་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ལུ་ ཕྱི་དམག་ཚུ་ ཕྱིར་བཏོན་གྱི་དོན་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྐུ་སྲོག་ལུ་ཡང་ མ་ཕངས་པར་ དམག་མིའི་དབུ་ཁྲིད་ མཛད་གནང་པའི་སྐབས་ལུ་ཡང་ དྲག་ཤོས་གཟིམ་དཔོན་གྱིས་ ཕྱག་ཞུ་སྟེ་ ཁྱིད་གནང་དགོ་པའི་ གསོལ་འདེབས་ཐོག་ལུ་ བདེ་བའི་ཐང་གི་ དམག་སྒར་ལྟེ་བའི་ནང་ལས་ དམག་མི་རེ་རེ་བཞིན་དུ་ལུ་ ཉིན་ནུབ་མེད་པར་ བཟའ་འཐུང་ཚུ་ ཐོབ་ནི་ཡོདཔ་ ངེས་གཏན་བཟོ་ནི་དང་ དམག་མི་རྨ་སྐྱོན་བྱུང་མི་ཚུ་ལུ་ གློ་བུར་སྨན་བཅོས་ཚུ་འབད་ནི་ཡོདཔ་ ངེས་གཏན་བཟོ་སྟེ་བཞུགས་ནུག།

དྲག་ཤོས་གཟིམ་དཔོན་མཆོག་གིས་ དུས་ནམ་ར་འབད་རུང་ ཕྱག་ལཱ་ཚུ་ འབྱམས་བརྩེ་དང་ སྙིང་རྗེའི་སྒོ་ལས་ མཛད་ཡོདཔ་ད་ དེ་བཟུམ་མའི་ ཐ་དམ་ཚིག་ འགྱུར་ལྡོག་མེད་པར་ ཚེ་ཐེངས་གཅིག་གི་རིང་ལུ་ ཕྱག་ཞུ་བའི་ ངོས་འཛིན་ལུ་ སྤྱི་ལོ་ ༢༠༢༡ ལོར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་ཐུགས་སྲས་ཀྱི་རྟགས་མ་ཡང་ གནང་ཡོདཔ་ཨིན་པས།

དྲག་ཤོས་མཆོག་ སྐུ་སྙུང་སྟེ་ བཞུགས་པའི་སྐབས་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐུ་ངོ་བོ་སྦེ་ མཇལ་ཕྲད་མཛད་གནང་པའི་ཤུལ་ལུ་ ཁོ་རའི་བཟའ་ཚང་ནང་མི་ཚུ་གིས་ མཐའ་བསྐོར་ཏེ་ གཤགས་ཡོདཔ་ད་ སྤྱི་ཟླ་ ༧ པའི་ཚེས་ ༢༩ ལུ་ སྤུར་སྦྱང་མཛད་ནི་ཨིན་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]

gyalchi
Online now: 32 Today: 308 Total visitors: 2985