ཨེ་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༣༡ ལུ་ རྒྱ་པཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ ཡུ་ཨེཛ་ལས་ གྲུ་ཅིག་ནང་སྦེ་ བཟོ་གྲྭའི་འཕྲུལ་ཆས་ དོ་སྒྲོམ་སྦོམ་ཅིག་ནང་ སྨྱོ་རྫས་ག་རམ་བརྒྱ་ཕྲག་ལས་བཅད་དེ་ སྦ་གསང་ཐོག་ལུ་ འབག་འོང་པའི་ དོགས་པ་ལུ་བརྟེན་ཏེ་ ཀེ་ན་ཊའི་ མི་ཁུངས་ཅིག་ འཛིན་བཟུང་འབད་ནུག།
དེ་ཡང་ ཊོ་ཀི་ཡོ་ཁྲོམ་སྡེའི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊོ་ཀི་ཡོའི་ ཉེ་འའདབས་ལུ་ སྐྱེས་ལོ་ ༣༨ འབད་མི་ ལས་སྡེའི་འགོ་དཔོན་ ཝིན་སེན་ཡཊ་ སམ་ཡེ་ཡུང་གིས་ སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།
དོགས་པ་ཅན་དེ་ལུ་ ཆ་རོགས་ཚུ་ཡོད་པའི་ ཡིད་ཆེས་ཡོདཔ་ལས་ འཕྲོ་མཐུད་དེ་ར་ ཞིབ་དཔྱད་འབད་བཞིན་དུ་ཡོད་རུང་ ད་ཚུན་གྱི་བར་ན་ བརྡ་དོན་ཁ་གསལ་ཅིག་ ཐོབ་མ་ཚུགས་པར་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ གསལ་བཤད་འབད་ནུག།
སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༢ པའི་ནང་ཡང་ ལོཛ་ཨེན་ཇི་ལེཛ་ལས་ བསྐྱལ་བཏང་མི་ འཕྲུལ་ཆས་སྦོམ་ཅིག་ནང་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་ཀེ་ཇི་ ༣༢༠ དེ་ཅིག་ ཀེ་ཇི་རེ་རེ་འབད་མི་ ཐུམ་སྒྲིལ་ ༣༢༡ གི་ནང་ བགོ་བཤའ་རྐྱབ་སྟེ་ བསྐྱལ་བཏང་ནུག་ཟེར་ཨིན་པས།
སྨྱོ་རྫས་དེ་ལུ་ རྒྱ་པཱན་གྱི་ཏི་རུ་ ཡེན་ཐེར་འབུམ་ ༢༡.༢ འབདཝ་ད་ ཡུ་ཨེཛ་ཌོ་ཡར་ ས་ཡ་ ༡༣༧ དེ་ཅིག་ གནས་དོ་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག།
འཕྲུལ་ཆས་དང་ སྤྲོ་འཕེལ་སྨན་རིགས་ཚུ་ག་ར་ གནས་སྐབས་ཅིག་ ཊོ་ཀི་ཡོའི་ བྱང་ཁ་ཐུག་ལུ་ཡོད་མི་ ཀུ་ཀི་ཁྲོམ་སྡེའི་ མཛོད་ཁང་ཅིག་ནང་ བཙུགས་བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
རྒྱ་པཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་འཐབ་པའི་ དོགས་པ་ལུ་བརྟེན་ཏེ་ ཀེ་ན་ཊའི་ མི་ཁུངས་ཅིག་འཛིན་བཟུང་།

Related

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།
བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།

ཨི་ཊ་ལི་ལུ་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ ཡུ་རོ་ས་ཡ་ ༥ གནས་པའི་ ཆང་ཤེལ་དམ་ ༣༠,༠༠༠ ཨརཝ་ཤོར་ཡོདཔ།
བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཨརཝ་ཚུ་གིས་ ཨི་ཊ་ལིའི་ མིང་གཏམ་ཅན་གྱི་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ གོང་ཚད་ཡུ་རོ་ས་ཡ་ ༥ དེ་ཅིག་གནས་པའི་ ཝ་ཡིན་ཟེར་མི་ ཆང་རིགས་ཤེལ་དམ་ ༣༠,༠༠༠ དེ་ཅིག་ ཨརཝ་བརྐུ་ནུག། ཨི་ཊ་ལིའི་ བཟའ་ཚང་གི་ བདག་དབང་ཐོག་ལུ་ ཆང་བཟོ་འཕྲུལ་ཁང་སྦོམ་ཤོས་ཅིག་ཨིན་མི་ མར་ཅེ་སི་ ཨེན་ཊི་ནོ་རི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊཱཛ་ཀ་ནི་ལུ་ཡོད་པའི་ ཆང་བཟོ་འཕྲུལ་ཁང་གིས་ ཕྱི་རྒྱལ་གྱི་ ཚོང་མགྲོན་པ་ཚུ་ལུ་ གྲུ་གཟིངས་ཐོག་ལས་ གཏང་ནི་སྦེ་ གྲ་སྒྲིག་འབད་བའི་སྐབས་ལུ་ ཨརཝ་ཤོར་ཡི་ཟེར་ཨིན་པས། དེ་བསྒང་ གདོང་སྤུར་མི་ ཨར་ཇག་ཕོ་སྐྱེས་ ༧ གྱིས་ ཆང་བཟོ་འཕྲུལ་ཁང་ལས་སྡེའི་ དོ་སྐྱེལ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ གོང་ཚད་ཅན་གྱི་ ཆང་རིགས་ཝ་ཡིན་ ཊི་ག་ནེ་ལོ་དང་ སོ་ལའི་ཡ་ གུ་ཌོ་ཨཱལ་ ཊ་སོ་ ཊཱཛ་ཀཱན་དམརཔོ་ཚུ་ སྣུམ་འཁོར་ཊག་ ༢ ནང་ བསྐྱལ་ཞིནམ་ལས་ འབག་སོང་ཡོདཔ་སྦེ་བཀོད་ནུག། ཆང་བཟོ་འཕྲུལ་ཁང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ […]

རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ།
ཨཱལ་ཇ་ཟི་ར། ད་རེས་ནངས་པ་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མི་ཚེ་རིང་པའི་ ལམ་རིམ་གསརཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས། རྒྱ་པཱན་གྱི་ གསོ་བ་དང་ ལས་མི་ ཕན་བདེ་ལྷན་ཁག་གིས་ ཐོ་བཀོད་འབད་མིའི་ནང་ དུས་ཅི་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༧,༦༧༧ ལུ་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༥ ལས་ ད་ཚུན་གྱི་བར་ན་ མི་གྲངས་ ༧,༩༡༤ དེ་ཅིག་ ཡར་སེང་སོང་ནུག།