ArchiveAboutContact
Special News

རྒྱ་གར་རྒྱལ་པོའི་རྒྱལ་ཁབ་ལུ་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ནང་སྦེ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ།

· 1 min read

མགོན་པོ་རྡོ་རྗེ།

ཤིང་སྦྲུལ་ཟླཝ་ ༧ པའི་ཚེས་ ༡༤ སྤྱི་ཟླ་ ༩ པའི་ཚེས་ ༦ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ རྒྱ་གར་རྒྱལ་པོའི་རྒྱལ་ཁབ་ལུ་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ནང་སྦེ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ ཚོགས་གནང་མི་དེ་ སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ གྲོལ་གནང་ནུག།

དེ་ཚེ་ སྨོན་ལམ་ཆེན་མོ་ ཚོགས་གནངམ་དང་འབྲེལ་ཏེ་ སྤྱི་ཟླ་ ༩ པའི་ཚེས་ ༧ ལས་ ༨ ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ ས་གནས་དེ་ཁའི་ ཤིང་རྟ་འཁོར་ལོ་ ༥༣༥ དེ་ཅིག་ ངལ་གསོ་སྦེ་ བཞག་གནང་ཡོདཔ་ད་ དེ་ཡང་ ཉིམ་དང་པའི་ནང་ ཤིང་རྟ་འཁོར་ལོ་ ༡༩༩ དང་ ཉིནམ་ ༢ པའི་ནང་ ཤིང་རྟ་འཁོར་ལོ་ ༣༣༦ གི་ ཇོ་བདག་ཚུ་ལུ་ གླ་འཐུས་སྦེ་ དངུལ་ཀྲམ་འབུམ་ ༧ དེ་ཅིག་ གནང་ཡོདཔ་ཨིན་པས།

དེ་སྦེ་ ཤིང་རྟ་འཁོར་ལོ་ཚུ་ ངལ་གསོ་བཞག་ནིའི་དོན་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དངུལ་ཀྲམ་འབུམ་ ༤ དང་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་གིས་ དངུལ་ཀྲམ་འབུམ་ ༡ གནང་ཡོདཔ་ད་ དེ་ལས་ སྨོན་ལམ་ཆེན་མོའི་ནང་ སྤུངས་འཛོམས་འབད་མི་ དད་ལྡན་མི་སེར་ཚུ་གིས་ དངུལ་ཀྲམ་འབུམ་ ༢ དེ་ཅིག་ ཞལ་འདེབས་སྦེ་ཕུལ་ནུག།

དེ་མ་ཚད་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ནང་ ད་ལས་ཕར་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་དེ་ ལོ་བསྟར་བཞིན་དུ་ འཚོགས་གནང་དགོ་པའི་ བཀའ་རྒྱ་གནངམ་འབྲེལ་ཏེ་ སྨོན་ལམ་ཆེན་མོའི་ བརྟན་རྩའི་མ་དངུལ་སྦེ་ དངུལ་ཀྲམ་འབུམ་ ༡༡ ཡང་ གནང་ཡོདཔ་ཨིན་པས།

དེ་ལས་ རང་ཟླ་ ༧ པའི་ཚེས་ ༡༢ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱ་གར་བི་ཧར་མངའ་སྡེའི་ས་གནས་ རྒྱལ་པོའི་ཁབ་ལུ་ གསར་བཞེངས་གནང་མི་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ལུ་ བཀྲ་ཤིས་རབ་གནས་ མཛད་གནང་ནུག།

དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་གཙོས་པའི་ ནང་སྲིད་བློན་པོ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ རྒྱ་གར་གྱི་ ལས་འབྲེལ་ཚོགས་ཁང་དང་ སྡེ་ཆུང་ལས་འབྲེལ་གྱི་ སྤྱི་ཚོགས་བློན་པོ་ ཀི་རཱན་ རི་ཇི་ཇུ་དང་ བི་ཧར་མངའ་སྡེའི་ ཤེས་རིག་བློན་པོ་ དེ་ལས་ བི་ཧར་མངའ་སྡེ་གཞུང་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།

འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་དེ་ འབྲུག་གཞུང་གིས་ དངུལ་ཀྲམ་ས་ཡ་ ༡༩༧.༢༧ ཟད་འགྲོ་བཏང་ཐོག་ལས་ གསར་བཞེངས་གནང་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༡༨  སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་འབྲེལ་འགོ་བཙུགས་ཏེ་ མི་ལོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ བི་ཧར་མངའ་སྡེའི་ གཙོ་འཛིན་བློན་པོ་ ནི་ཏིཤ་ཀུ་མར་མཆོག་གིས་ ས་བསླངས་རྟེན་འབྲེལ་ མཛད་གནངནུག།

བཀྲིས་རབ་གནས་ཀྱི་ མཛད་རིམ་རྟེན་འབྲེལ་སྐབས་ལུ་ གཞུང་གྲྭ་ཚང་དང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ཧོང་ལས་ སྐུ་འཆམ་དང་ ཞབས་ཁྲའི་རིགས་ཚུ་ཡང་ སྤྱན་འབུལ་ཞུ་ཡོདཔ་ཨིན་པས།

གཙུག་ལག་ཁང་གི་ བཀྲ་ཤིས་རབ་གནས་དང་འབྲེལ་ཏེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ རང་རྣམ་ཨིང་སྐད་ཐོག་ལུ་ སྐད་སྒྱུར་འབད་མི་ ཀི་དེབ་དེ་ འགོ་འབྱེད་མཛད་གནང་ཡོདཔ་ད་ སྐད་སྒྱུར་དེ་ཡང་ སྐྱབས་རྗེ་རིན་པོ་ཆེའི་ གསུང་སྒྱུར་དང་ ཞིབ་འཚོལ་ཡིག་ཚང་ལས་ མཁན་པོ་བསོད་ནམས་འབུམ་ལྡན་གྱིས་ མཛད་གནང་ནུག།

སྐྱབས་རྗེ་རིན་པོ་ཆེ་མཆོག་ རང་ཟླ་ ༧ པའི་ཚེས་ ༡༡ སྤྱི་ཟླ་ ༩ པའི་ཚེས་ ༣ ལུ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་དང་ ནང་སྲིད་བློན་པོ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ གཞུང་གྲྭ་ཚང་གི་ བླ་སློབ་ཚུ་གིས་ ཕྱག་ཞུ་སྟེ་ འབྲུག་དགོན་འོག་མིན་གཉིས་པའི་ གཙུག་ལག་ཁང་ལུ་ བཀྲིས་རབ་གནས་དང་ སྨོན་ལམ་ཆེན་མོ་ ཚོགས་གནང་ནིའི་དོན་ལས་ རྒྱ་གར་བི་ཧར་ལུ་ ཆིབས་བསྐྱོད་གནང་ཡོདཔ་ད་ སྤྱི་ཟླ་ ༩ པའི་ཚེས་ ༡༠ ལུ་ རྒྱལ་ཁབ་ནང་ ལོག་ཕེབས་ཡོད་པའི་གནས་ཚུལ།

Comments are closed.

Related

Special News

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

gyalchi
Special News

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།

སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།    ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]

Special News

དེང་དུས་ཀྱི་རིག་རྩལཔ་ པདྨ་ལྷམོ་ལུ་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས།

མི་དབང་རྒྱལ་བཙུན་མཆོག་གིས་ སྤྱི་ཟླ་ ༩ པའི་ཚེས་ ༡༡ ལུ་ འབྲུག་གི་ཁས་བླངས་རིག་རྩལ་ཁང་ནང་ གསོལ་རས་ཀྱི་ རྟེན་འབྲེལ་ཅིག་ བརྩི་ཐོག་ལས་ སྤྱི་ལོ་ ༢༠༢༦ ལོའི་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ དེང་དུས་ཀྱི་རིག་རྩལཔ་ པདྨ་ལྷམོ་ལུ་ གནང་ཡོདཔ་ཨིན་པས། རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ ཧི་མ་ལ་ཡའི་ ལམ་སྲོལ་གྱི་ བཟོ་རྣམ་དང་ ཐབས་རིག་ཚུ་གི་ སེམས་སྐུལ་ཐོག་ལུ་ ཐོན་རིམ་ཅན་གྱི་ དེང་དུས་ཀྱི་རིག་རྩལཔ་ཚུ་ལུ་ གནང་སྲོལ་ཡོདཔ་སྦེ་བཀོད་ནུག། དེ་ཡང་ སྤྱི་ལོ་ ༢༠༢༤ ལུ་ གཞི་བཙུགས་འབད་མི་ རུ་བིན་མིའུ་ཛི་ཡམ་ ཧི་མ་ལ་ཡའི་ རིག་རྩལ་གསོལ་རས་དེ་ ཌོ་ལར་ ༣༠,༠༠༠ རེ་ ཐོབ་དོ་ཡོདཔ་ད་ འདས་དང་མ་འོངས་གཉིས་ཆ་རའི་ནང་ རིག་རྩལ་གྱི་ ཁེ་ཕན་ཡོད་པའི་ རིག་རྩལཔ་དྲག་ཤོས་ཚུ་ རྒྱལ་སྤྱིའི་དྲང་དཔོན་ཚུ་དང་ རུ་བིན་མིའུ་ཛི་ཡམ་གྱི་ ལས་གཡོགཔ་ཚུ་གིས་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།

Online now: 36 Today: 1632 Total visitors: 4309