རོའི་ཊརཛ།
རྒྱ་ནག་དང་ ཡུ་ཨེཛ་གི་བར་ན་ གནས་ཚད་ལས་ལྷག་པའི་ འཕྲུལ་རིག་གི་ གོ་སྐབས་སྐོར་ལས་ བྱ་སྟབས་མ་བདེཝ་ ཐོན་ཡོདཔ་ལས་ རྒྱ་ནག་གིས་ ཌྲཱོན་ཟེར་མི་ གནམ་གྲུ་ཆུང་བ་དང་ དེ་དང་འབྲེལ་བའི་ ཡན་ལག་ཅ་ཆས་ ལ་ལོ་ཅིག་ ཕྱིར་ཚོང་འཐབ་ནི་ལས་ ཚད་འཛིན་འབད་དགོ་པའི་ གསལ་བསྒྲགས་འབད་ནུག།
དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡ ལས་ བསྟར་སྤྱོད་འབད་ནི་ཨིནམ་ད་ དེ་བཟུམ་མའི་ ཚད་འཛིན་འབད་མི་དེ་ རྒྱལ་སྤྱིའི་ཉེན་སྲུང་དང་ ཞི་བདེའི་དོན་ལས་ རྒྱ་ནག་རྒྱལ་ཁབ་དེ་ འགན་ཁྲི་ཅན་ཅིག་ཨིན་པའི་ བརྡ་སྟོན་གྱི་དོན་ལུ་ཨིན་ཟེར་ འགོ་དཔོན་ཅིག་གིས་ བཤད་ཡོདཔ་ཨིན་པས།
རྒྱ་ནག་ལུ་ གནམ་གྲུ་ཆུང་བ་ བཟོ་བསྐྲུན་འབད་མི་ བཟོ་གྲྭ་ཁང་སྦོམ་ཅིག་ཡོད་མིའི་ནང་ལས་ ཡུ་ཨེཛ་གིས་གཙོས་པའི་ འཛམ་གླིང་ནང་ ཚོང་ལམ་དག་པ་ཅིག་ལུ་ གནམ་གྲུ་ཆུང་བ་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ ད་རེས་ ཚད་འཛིན་འབད་མིའི་སྐོར་ལས་ འབྲེལ་ཡོད་རྒྱལ་ཁབ་ཚུ་ལུ་ཡང་ བརྡ་ལན་འབད་ཡི་ཟེར་བཀོད་ནུག།
ཡུ་ཨེཛ་གི་ ཁྲིམས་བཟོ་མཁས་མཆོག་ཚུ་གིས་ ཡུ་ཨེཛ་ལུ་བཙོང་མི་ གནམ་གྲུ་ཆུང་བ་ ཡོངས་བསྡོམས་ལས་ བརྒྱ་ཆ་ ༥༠ ལྷགཔ་ཅིག་ རྒྱ་ནག་ལུ་ བཟོ་བསྐྲུན་འབད་མི་ཚུ་ཨིནམ་སྦེ་ བཤདཔ་ཨིན་པས།
ཨིན་རུང་ གནམ་གྲུ་ཆུང་བ་ བཟོ་བསྐྲུན་འབད་མི་ཅིག་གིས་ ཁོང་གིས་ དྲག་པོའི་དམག་སྡེའི་དོན་ལས་ ལན་ལེན་དང་ འཁྲུག་ཟིང་ ཕྱད་མདའ་ལ་སོགས་པའི་དོན་ལུ་ གནམ་གྲུ་ཆུང་བ་ཚུ་ བཙོང་བཙོངམ་མེད་ཟེར་བཤད་ནུག།
མདང་ཞག་ སྤྱི་ཟླ་ ༤ པའི་ནང་ རྒྱ་ནག་གི་ ཚོང་འབྲེལ་ལྷན་ཁག་ལས་ ཡུ་ཨེཛ་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ རྒྱ་ནག་ལུ་ གནམ་གྲུ་ཆུང་བ་ཚུ་ ཡུ་ཀེ་རེན་གྱི་ཕྱད་མདའི་དོན་ལུ་ ཕྱིར་ཚོང་འཐབ་ཡོད་པའི་ ཁ་ཉེས་བཀལ་ཡོད་མི་དེ་ མ་བདེནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།
ཡུ་ཨེཛ་དང་ འཕྲུལ་རིག་གི་ བྱ་སྟབས་མ་བདེཝ་ ཐོན་ཡོད་པའི་བར་ན་ རྒྱ་ནག་གིས་ གནམ་གྲུ་ཆུང་བ་ཌྲཱོན་ཚུ་ ཕྱིར་ཚོང་ཚད་འཛིན།
Related

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།
བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།

ཨི་ཊ་ལི་ལུ་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ ཡུ་རོ་ས་ཡ་ ༥ གནས་པའི་ ཆང་ཤེལ་དམ་ ༣༠,༠༠༠ ཨརཝ་ཤོར་ཡོདཔ།
བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཨརཝ་ཚུ་གིས་ ཨི་ཊ་ལིའི་ མིང་གཏམ་ཅན་གྱི་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ གོང་ཚད་ཡུ་རོ་ས་ཡ་ ༥ དེ་ཅིག་གནས་པའི་ ཝ་ཡིན་ཟེར་མི་ ཆང་རིགས་ཤེལ་དམ་ ༣༠,༠༠༠ དེ་ཅིག་ ཨརཝ་བརྐུ་ནུག། ཨི་ཊ་ལིའི་ བཟའ་ཚང་གི་ བདག་དབང་ཐོག་ལུ་ ཆང་བཟོ་འཕྲུལ་ཁང་སྦོམ་ཤོས་ཅིག་ཨིན་མི་ མར་ཅེ་སི་ ཨེན་ཊི་ནོ་རི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊཱཛ་ཀ་ནི་ལུ་ཡོད་པའི་ ཆང་བཟོ་འཕྲུལ་ཁང་གིས་ ཕྱི་རྒྱལ་གྱི་ ཚོང་མགྲོན་པ་ཚུ་ལུ་ གྲུ་གཟིངས་ཐོག་ལས་ གཏང་ནི་སྦེ་ གྲ་སྒྲིག་འབད་བའི་སྐབས་ལུ་ ཨརཝ་ཤོར་ཡི་ཟེར་ཨིན་པས། དེ་བསྒང་ གདོང་སྤུར་མི་ ཨར་ཇག་ཕོ་སྐྱེས་ ༧ གྱིས་ ཆང་བཟོ་འཕྲུལ་ཁང་ལས་སྡེའི་ དོ་སྐྱེལ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ གོང་ཚད་ཅན་གྱི་ ཆང་རིགས་ཝ་ཡིན་ ཊི་ག་ནེ་ལོ་དང་ སོ་ལའི་ཡ་ གུ་ཌོ་ཨཱལ་ ཊ་སོ་ ཊཱཛ་ཀཱན་དམརཔོ་ཚུ་ སྣུམ་འཁོར་ཊག་ ༢ ནང་ བསྐྱལ་ཞིནམ་ལས་ འབག་སོང་ཡོདཔ་སྦེ་བཀོད་ནུག། ཆང་བཟོ་འཕྲུལ་ཁང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ […]

རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ།
ཨཱལ་ཇ་ཟི་ར། ད་རེས་ནངས་པ་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མི་ཚེ་རིང་པའི་ ལམ་རིམ་གསརཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས། རྒྱ་པཱན་གྱི་ གསོ་བ་དང་ ལས་མི་ ཕན་བདེ་ལྷན་ཁག་གིས་ ཐོ་བཀོད་འབད་མིའི་ནང་ དུས་ཅི་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༧,༦༧༧ ལུ་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༥ ལས་ ད་ཚུན་གྱི་བར་ན་ མི་གྲངས་ ༧,༩༡༤ དེ་ཅིག་ ཡར་སེང་སོང་ནུག།