པདྨ་དབང་འདུས།
འབྲུག་ཨོ་ལིམ་པིག་ཚོགས་ཆུང་གི་གཙོ་འཛིན་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༢༠༢༦ ལུ་ རྒྱ་པཱན་གྱི་ས་གནས་ ཨ་ཨི་ཅི་ན་གོ་ཡ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ཨེ་ཤི་ཡའི་ རྩེད་འགྲན་ཐེངས་ ༢༠ པའི་ནང་ འབྲུག་རྒྱལ་ཁབ་ཀྱི་ སྐུ་ཚབ་སྦེ་ གྲལ་གཏོགས་འབད་ནི་ཨིན་མི་ རྩེད་འགྲན་པ་དང་ རྩེད་རིགས་སློབ་སྟོན་པ་ཚུ་དང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
དེ་བསྒང་ མི་དབང་རྒྱལ་སྲས་མཆོག་གིས་ རྩེད་འགྲན་པ་ཚུ་ལུ་ ཨེ་ཤི་ཡའི་ རྩེད་འགྲན་ནང་ འབྲུག་གི་སྐུ་ཚབ་འབད་ནི་གི་ གོ་སྐབས་ཐོབ་མི་ལུ་ བཀྲིས་བདེ་ལེགས་ཡོད་ལུགས་དང་ རྩེད་རིགས་སློབ་སྟོན་པ་ཚུ་གིས་ ཆེད་བརྩོན་འཕྲོ་མཐུད་ཀྱི་ ཁས་ལེན་ཐོག་ལས་ རྩེད་འགྲན་པ་ གྲ་སྒྲིག་འབད་ནིའི་ནང་ ལམ་སྟོན་འབད་མི་ལུ་ ཐུགས་ངལ་རངས་ཡོད་ཟེར་ གསུངས་གནང་ནུག།



