ArchiveAboutContact
National News

འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀཱར་བོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱི་བར་ན་ འབྲུག་ལུ་ སླར་བྱུང་ནུས་ཤུགས་གོང་འཕེལ་གྱི་དོན་ལུ་ ཆིངས་ཡིག་གུ་མཚན་རྟགས།

· 1 min read

པདྨ་དབང་འདུས།

སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ལུ་ འབྲུག་གི་སླར་བྱུང་ནུས་ཤུགས་ལས་སྡེ་གཙོ་བོ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀཱོལ་ཀ་ཏ་ལུ་ཡོད་པའི་ ཀཱར་བཱོན་ཐོན་སྐྱེད་ སྤུས་ཚད་མཐོ་དྲགས་དང་ ཡུན་བརྟན་ཅན་གྱི་ མ་རྩ་གཞི་བཙུགས་ནང་ ཁྱད་རིག་གི་ ལཱ་འབད་མི་ ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱིས་ གོ་དོན་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ འབྲུག་ལུ་ ཆུར་བརྟེན་དང་ ཉིན་དྲོད་གློག་མེ་ཚུ་བརྩིས་ཏེ་ མེ་ག་ཝཱཊ་ ༡༠༠ ལས་ ༢༥༠ ཚུན་གྱི་ ནུས་ཤུགས་གོང་འཕེལ་ཚུ་ མཉམ་འབྲེལ་ཐོག་ལས་ དབྱེ་ཞིབ་འབད་ནི་དང་ ལག་ལེན་འཐབ་ཐབས་ལུ་ཨིན་པས། 

ཆིངས་ཡིག་དེ་གིས་ འབྲུག་གཞུང་གི་ ཁ་ཐུག་ལས་ གཙང་སྦྲ་དང་ལྡན་པའི་ ནུས་ཤུགས་གོང་འཕེལ་དང་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་ཡར་འཕར་གྱི་དོན་ལས་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་ལུ་ འཕྲོ་མཐུད་དེ་ར་ གཙོ་རིམ་ཐོག་གི་ རྒྱབ་སྐྱོར་ཡོད་པའི་ བརྡ་མཚོན་སྟོན་དོ་ཡོདཔསྦེ་བཀོད་ནུག།

གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ རྟེན་འབྲེལ་ནང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་ དབུ་བཞུགས་ཐོག་ལུ་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ཀྱི་ ཡིག་ཚང་ལས་ ངོ་ཚབ་ཚུ་དང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ བཀོད་ཚོགས་མདོ་ཆེན་ཚུ་ གློག་མེ་ལས་འཛིན་དེ་གི་ འཛིན་སྐྱོང་དང་ ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས། 

མཉམ་འབྲེལ་དེ་ཡང་ འབྲུག་གི་གཙང་སྦྲ་དང་ལྡན་པའི་ ནུས་ཤུགས་དེ་ ཡིད་ཆེས་བརྟན་པའི་ སྒེར་སྡེའི་མཉམ་འབྲེལ་ཐོག་ལས་ རྒྱ་སྐྱེད་གཏང་ནི་ལུ་ གལ་གནད་ཆེ་བའི་ མདུན་བསྐྱོད་ཀྱི་ རྟགས་མཚན་ཨིནམ་ད་ གོ་དོན་ཆིངས་ཡིག་དེ་དང་བསྟུནམ་ད་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱིས་ འབྲེལ་ཡོད་ལས་འགུལ་གྱི་ བརྡ་དོན་དང་ འདས་པའི་ཞིབ་འཇུག་ཚུ་ དེ་ལས་ དོ་དམ་གྱི་ སྒྲིག་བཀོད་ཚུ་ བརྗེ་སོར་འབད་ནི་ཨིནམ་ལས་ ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱིས་ ནུས་ཤུགས་ཀྱི་ ལྕོགས་གྲུབ་དང་ སླར་བྱུང་ནུས་ཤུགས་ཀྱི་ ས་ཁོངས་ཚུ་གི་ ཁྱད་རིག་དང་ ཚོང་འབྲེལ་ དངུལ་འབྲེལ་བཅས་ཀྱི་ བརྟག་ཞིབ་ཚུ་ ལག་ལེན་འཐབ་ནི་ཨིནམ་སྦེ་བཀོད་ནུག།

དེ་གི་ཤུལ་ལས་ ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱིས་ མཉམ་འབྲེལ་ཐོག་ལུ་ གོང་འཕེལ་གཏང་ནིའི་དོན་ལས་ གདམ་ཁ་ཅན་གྱི་ལས་འགུལ་ ངོས་འཛིན་མ་འབད་བའི་ སྔ་གོང་ལུ་ ས་གནས་ཁར་ བལྟ་ཞིབ་དང་ གནས་གོང་དབྱེ་དཔྱད་ཚུ་ ལག་ལེན་འཐབ་ནི་ཨིན་པས།  

ལས་འགུལ་དེ་ཚུ་ འབྲུག་ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱི་བར་ན་ མཉམ་འབྲེལ་གྱི་ ལས་སྣ་སྦེ་ བཀོད་དེ་ཡོད་མི་ཚུ་གི་ ཐབས་ལམ་གཅིག་ ཡང་ན་ དམིགས་བསལ་གྱི་ ཐབས་ལམ་མང་སུའི་སྒོ་ལས་ གྲོས་འཆར་ཐོག་གི་ བུ་ལོན་དང་ བགོ་བཤའི་ཆ་ཚད་ ༧༠:༣༠ རེ་སྦེ་ མཉམ་འབྲེལ་ཐོག་ལུ་ ལག་ལེན་འཐབ་ནི་ཨིནམ་སྦེ་བཀོད་ནུག། 

མཚན་རྟགས་ཀྱི་ རྟེན་འབྲེལ་སྐབས་ལུ་ བློན་པོ་མགོནམ་ཚེ་རིང་གིས་ འབྲུག་གིས་ ཐབས་བྱུས་ཅན་གྱི་ སླར་བྱུང་ནུས་ཤུགས་ནང་ མཉམ་འབྲེལ་ཚུ་ ངེས་ཤེས་འདྲོངས་པའི་ ཡར་འཕེལ་ཐོན་ཡོདཔ་ལས་ ནུས་ཤུགས་ཀྱི་ལྕོགས་གྲུབ་ མེ་ག་ཝཱཊ་ ༡༢,༠༠༠ ལྷགཔ་གཅིག་གི་དོན་ལུ་ གོ་དོན་ཆིངས་ཡིག་ཚུ་ཡང་ བཟོ་ཚར་ཏེ་ཡོད་ཟེར་ཨིན་པས།

འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱི་བར་ན་ མཉམ་འབྲེལ་དེ་ཡང་ འབྲུག་གིས་ སྤྱི་ལོ་ ༢༠༤༠ འཐོནམ་ད་ ནུས་ཤུགས་ཀྱི་ལྕོགས་གྲུབ་ མེ་ག་ཝཱཊ་ ༢༥,༠༠༠ གུ་ བཀལ་ནི་གི་  དུས་རིང་དམིགས་དོན་ འགྲུབ་ནི་ལུ་ གལ་ཆེ་བའི་ གོམ་ཚད་ཅིག་ཨིནམ་ད་ དེ་དང་གཅིག་ཁར་ གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་དེ་ གལ་ཆེ་་དོ་བཟུམ་ འཁོར་ལོ་ཆུ་གློག་མེ་ལས་འགུལ་དང་ ཇམ་སྦྱི་ཉིན་དྲོད་གློག་ཆེ་ལས་འགུལ་ དེ་ལས་ ཤུལ་མའི་ལོ་ངོ་ གཅིག་དང་གཉིས་ཀྱི་བར་ན་ འགོ་བཙུགས་ནི་གི་ རེ་བ་ཡོད་མི་ ལས་འགུལ་ཚུ་གི་ དུས་ཐོག་ལག་ལེན་དེ་ཡང་ གལ་ཆེ་ཟེར་གསུངས་ནུག། 

ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱི་ ཁྱད་ཚབ་ལུ་ ལས་འཛིན་དེ་གི་ འཛིན་སྐྱོང་མདོ་ཆེན་ ཨ་བྷི་ནཱབ་ཇ་ལཱན་གྱིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱིའི་གནསརིམ་ནང་ མཐའ་འཁོར་གནས་སྟངས་དང་ ཡུན་བརྟན་གོང་འཕེལ་ སྣ་ཁྲིད་འབད་མི་ཅིག་ཨིནམ་ལས་ འབྲུག་ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་གཅིག་ཁར་ མཉམ་འབྲེལ་འཐབ་ནི་དེ་ དཔའ་ཉམས་བསྐྱེད་དགོ་པའི་ གཞི་ཅིག་ཨིནམ་ད་ ད་རེས་ཀྱི་ གོ་དོན་ཆིངས་ཡིག་དེ་ ཚོང་འབྲེལ་གྱི་མཉམ་འབྲེལ་ འགོ་བཙུགས་པའི་ བརྡ་མཚོན་རྐྱངམ་གཅིག་མིན་པར་ གཙང་སྦྲ་དང་ལྡན་པའི་ ནུས་ཤུགས་དང་ ལུང་ཕྱོགས་མཉམ་འབྲེལ་ བགོ་མཐུན་ཅན་གྱི་ ལོངས་སྤྱོད་ཚུ་ དུས་རིང་གི་དོན་ལུ་ བཙན་ཐབས་འབད་བའི་ བརྡ་མཚོན་ཡང་ཨིནམ་ལས་ ཁོང་གི་ཁ་ཐུག་ལས་ མཉམ་འབྲེལ་དེ་ དྲང་བདེན་དང་ གུས་བཀུར་གྱི་སྒོ་ལས་ མདུན་བསྐྱོད་འབད་ནི་ལུ་ ཁས་ལེན་ཡོད་ཟེར་ཨིན་པས།  

དེ་བཟུམ་སྦེ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་གྱིས་ ད་རེས་ཀྱི་ མཉམ་འབྲེལ་དེ་ འབྲུག་གི་རྒྱལ་ཡོངས་དང་ ལུང་ཕྱོགས་ལུ་ གཙང་སྦྲ་དང་ལྡན་པའི་ ནུས་ཤུགས་རིམ་ལུགས་ བཙན་ཐབས་ལུ་ཡོད་པའི་ སླར་བྱུང་ནུས་ཤུགས་ཀྱི་ དུས་རིང་འཆར་སྣང་དང་ མ་འོངས་པའི་དོན་ལུ་ གྲ་སྒྲིག་ཡོད་པའི་ སླར་བྱུང་ཅན་གྱི་ གཞི་རྟེན་མཁོ་ཆས་ཚུ་གི་ གསར་བཏོད་ལས་དོན་ཚུ་ནང་ ཡིད་ཆེས་བརྟན་པའི་ སྒེར་སྡེའི་མ་རྩ་གཞི་བཙུགས་འབད་མི་ཚུ་གིས་ གྲལ་གཏོགས་འབད་ནི་ལུ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ གསར་བཏོད་ལས་དོན་ཚུ་གི་ ཆ་ཤས་ཅིག་ཨིན་ཟེར་གསུངས་ནུག།  

གོ་དོན་ཆིངས་ཡིག་དེ་གིས་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱིས་ དྭངས་གསལ་དང་ འགན་ཁུར་ སྒྲིག་བཀོད་ཚུ་གི་སྒོ་ལས་ ལས་འགུལ་གོང་འཕེལ་གཏང་ནི་ལུ་ ཁས་ལེན་ཡོད་པའི་ རྟགས་མཚན་ཨིནམ་ད་ དེ་ཡང་ རྒྱ་འབྲུག་གཉིས་ཀྱི་ དོ་དམ་སྒྲིག་བཀོད་ཚུ་དང་འཁྲིལ་ཏེ་ སླར་བྱུང་ནུས་ཤུགས་ལས་སྡེའི་ནང་ ཡུན་རིང་གི་མཉམ་འབྲེལ་ གོང་འཕེལ་གཏང་ནི་ཨིན་པའི་གནས་ཚུལ།  

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]

gyalchi
Online now: 28 Today: 942 Total visitors: 3619