ArchiveAboutContact
National News

འབྲུག་གི་དཔལ་འབྱོར་ལུ་ ཡུན་བརྟན་ཅན་གྱི་ཡར་འཕར།

· 1 min read

པདྨ་དབང་འདུས།
དངུལ་རྩིས་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྤྱི་ལོ་ ༢༠༢༤ ལོར་ འབྲུག་གི་དཔལ་འབྱོར་ལུ་ ཡར་འཕར་བརྒྱ་ཆ་ ༧.༥ ཐོན་ཡོདཔ་ལས་ སྤྱི་ལོ་ ༢༠༢༥ ལོར་ དཔལ་འབྱོར་ཡར་འཕར་ བརྒྱ་ཆ་ ༨.༥༥ གུ་ གནས་ནི་ཨིན་པའི་ ཚོད་རྩིས་ཡོདཔ་ལས་ སྤྱི་ལོ་ ༢༠༢༧ ཚུན་ལུ་ དངུལ་ཀྲམ་ཐེར་འབུམ་ ༣༢༥ འབདཝ་ད་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༣.༨ ལུ་ ཡར་འཕར་འགྱོ་ནི་ཨིན་པའི་ ཚོད་རྩིས་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ ཆུར་བརྟེན་གློག་མེ་ལས་འགུལ་ བཟོ་བསྐྲུན་དང་ གློག་མེ་བརྒྱུད་སྤེལ་འགོ་བཙུགས་མི་ དེ་ལས་ ཞབས་ཏོག་དང་ ལྟ་བཤལ་ཚུ་ བསྐྱར་གསོ་ལུ་བརྟེན་ཏེ་ འབྲུག་གི་ཡུན་རིང་དཔལ་འབྱོར་ ཡར་འཕར་གྱི་ མདུན་ལམ་ཁར་ སླར་ལོག་གནས་ཚུགས་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་བཀོད་ནུག།
ཡར་འཕར་གྱི་ འབྱུང་རྐྱེན་གཙོ་བོ་ཚུ་ཡང་ སྤྱི་ལོ་ ༢༠༢༥ ལོ་ངོ་ཕྱེད་ཀྱི་ཧེ་མར་ ལྟ་བཤལཔ་ནང་བསྐྱོད་ལུ་ བརྒྱ་ཆ་ ༢༥ ཡར་སེང་འགྱོ་ནི་དེ་གིས་ ཚོང་འབྲེལ་དང་ སྐྱེལ་འདྲེན་ བཟའ་ཁང་ རིག་རྩལ་དང་ ལག་བཟོ་ཚུ་ལུ་ ཁེ་ཕན་བྱུང་པའི་ཁར་ ཞབས་ཏོག་དང་ ཚོང་འབྲེལ་ནང་ཡང་ ལྟ་བཤལ་ལུ་བརྟེན་ཏེ་ སྐྱེལ་འདྲེན་དང་ སྦུང་ཚོང་ མགྲོན་སྐྱོང་ཚུ་གི་ ཟད་འགྲོ་ཡར་སེང་ཐོག་ལས་ འབབ་ཁུངས་མཐོ་སུ་སྦེ་ བཟོ་ཚུགས་ཡོདཔ་ཨིན་པས།
དེ་ཁ་ལུ་ གློག་མེའི་ཐེད་ཁར་ སྤུ་ན་གཙང་ཆུ་ ༢ པའི་ གློག་མེ་ལས་འགུལ་ལས་ གློག་མེ་བརྒྱུད་སྤེལ་ འགོ་བཙུགས་ནི་དེ་གིས་ གློག་མེ་ནང་འདྲེན་ བརྒྱ་ཆ་ ༡༠.༡ དེ་ཅིག་ མར་ཕབ་འབད་ཚུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༦ ནང་ལས་ གློག་མེ་ཕྱིར་ཚོང་ཐོག་ལས་ གློག་མེའི་འོང་འབབ་ལུ་ བརྒྱ་ཆ་ ༤༠ གི་ ཁེ་ཕན་འཐོབ་ནི་ཨིནམ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ སྒེར་སྡེའི་བཟོ་བསྐྲུན་ནང་ཡང་ བསྐྱར་གསོ་ཚུ་ འབྱུང་དོ་ཡོདཔ་ད་ གློག་མེའི་ཟད་འགྲོ་ཚུ་ མགྱོགས་དྲགས་སྦེ་ གཏང་ནི་ཨིན་མི་ལུ་བརྟེན་ཏེ་ མི་དམངས་ཀྱི་ མ་རྩ་གཞི་བཙུགས་ཀྱི་ ཚད་གཞི་དེ་ཡང་ སྔར་ཤུལ་ལུ་ ལྷོད་ནི་དང་ ལཱ་གཡོག་གི་ཐེད་ཁར་ཡང་ ལཱ་གཡོག་མེད་པའི་ དཀའ་ངལ་གྱི་ ཚད་གཞི་དེ་ བརྒྱ་ཆ་ ༢.༩ གུ་གནས་དོ་ཡོད་པའི་ བརྡ་མཚོན་སྟོན་ཡོདཔ་ལས་ ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་དེ་ ཚ་གྱང་ཅན་སྦེ་ར་ གནས་ཏེ་ཡོད་ཟེར་ཨིན་པས།
དངུལ་རྩིས་ཀྱི་ གནས་སྟངས་ནང་ རྩིས་ལོ་ ༢༠༢༥-༢༦ ལུ་ འོང་འབབ་དེ་ འདས་པའི་རྩིས་ལོ་དང་ཕྱདཔ་ད་ བརྒྱ་ཆ་ ༡༧.༧ ཡར་སེང་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༧༣.༢ དེ་ཅིག་ལུ་ གནས་ནི་གི་ རེ་འདུན་ཡོད་ཟེར་ཨིནམ་ད་ ཟད་འགྲོའི་ཐེད་ཁར་ཡང་ ལས་འགུལ་ཚུ་ མགྱོགས་དྲགས་སྦེ་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་ལས་ དངུལ་ཀྲམ་ཐེར་འབུམ་ ༡༡༩.༢ གུ་ གནས་ནི་གི་ ཚོད་རྩིས་ཡོདཔ་སྦེ་བཀོད་ནུག།
དེ་འབདཝ་ལས་ ཟད་འགྲོའི་དོན་ལུ་ རྩིས་ཆད་འབད་བ་ཅིན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་ ༥.༢ གུ་ གནས་ནི་ཨིན་པ་ལུ་བརྟེན་ཏེ་ རྩིས་ཆད་དེ་ བརྒྱ་ཆ་ ༥ འོག་རྒྱུ་ལུ་ རྒྱུན་སྐྱོང་འཐབ་ནི་གི་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།
དེ་ཡང་ མ་འོངས་པའི་ནང་ སྤྱི་ལོ་ ༢༠༢༦ ལུ་ ཅ་ཆས་དང་ ཞབས་ཏོག་ཁྲལ་ འགོ་བཙུགས་ནི་དང་ སྤྱི་ལོ་ ༢༠༢༧ ལས་ འབབ་ཁུངས་ཁྲལ་ཚུ་ གཞི་སྒྱུར་འབད་ནི་ཨིན་མི་དེ་གིས་ འོང་འབབ་བཙན་ཐབས་ འབད་ཚུགས་ནི་ཨིནམ་སྦེ་བཀོད་ནུག།
མི་མང་བུ་ལོན་གྱི་ཐེད་ཁར་ རྩིས་ལོ་དེ་ནང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་ ༡༠༨ གུ་ གནས་ནི་གི་ ཚོད་རྩིས་ཨིནམ་ད་ དེ་ཡང་ ཕྱེད་ལྷགཔ་ཅིག་ གློག་མེ་དང་འབྲེལ་བའི་ བུ་ལོན་ཨིནམ་ལས་ གློག་མེ་ལས་འགུལ་ཚུ་ལས་ གློག་མེ་རྒྱུན་སྤེལ་ འགོ་བཙུགས་པའི་ཤུལ་ལུ་ མར་འབབ་འགྱོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ཏི་རུ་དང་ དངུལ་འབྲེལ་ལས་སྡེའི་ནང་ གོང་ཚད་ཡར་འཕར་དེ་ འདས་པའི་ལོ་དང་ཕྱདཔ་ད་ མཐོ་སུ་ཡོད་རུང་ ཡར་འཕར་འབྲིང་ཙམ་ཅིག་སྦེ་ བརྒྱ་ཆ་ ༢.༡ གུ་ གནས་ཡོདཔ་སྦེ་བཀོད་ནུག།
སྐྱིན་འགྲུལ་གྱི་ཐེད་ཁར་ གཙོ་བོ་ལྟ་བཤལ་དང་ བཟོ་བཏོན་ ཁྱིམ་བཟོ་ཚུ་ལུ་བརྟེན་ཏེ་ བརྒྱ་ཆ་ ༡༤ ཡར་སེང་སོང་ཡོདཔ་ད་ ལོག་འཐོབ་མ་ཚུགས་པའི་ སྐྱིན་འགྲུལ་གྱི་ ཚད་གཞི་དེ་ བརྒྱ་ཆ་ ༧.༢ ལུ་ གནས་ཏེ་ཡོདཔ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྒྲིག་བཀོད་བསྐྱར་བཟོའི་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོཔ་ བྱུང་ཡོདཔ་ཨིན་པས།
ཕྱི་འབྲེལ་ལས་སྡེའི་ནང་ ཚོང་འབྲེལ་དེ་ ནང་འདྲེན་ལུ་ གཞི་བརྟེན་འབད་ནི་དེ་ རྒྱ་སྐྱེད་སོང་ཡོདཔ་ལས་ ཚོང་འབྲེལ་རྩིས་ཆད་ བརྒྱ་ཆ་ ༡༢.༧ ལུ་ གནས་ཡོད་རུང་ བཟོ་གྲྭའི་ཐོན་སྐྱེད་ཚུ་གིས་ རྩིས་ཆད་དེ་ ཉུང་སུ་བཟོ་ཚུགས་པའི་ རེ་བ་ཡོདཔ་སྦེ་བཀོད་ནུག།
ཕྱི་དངུལ་གསོག་འཇོག་གི་ཐེད་ཁར་ ཡུ་ཨེཛ་ཌོ་ལར་ཐེར་འབུམ་ ༡.༡༡ གུ་ གནས་ཡོད་མི་དེ་གིས་ ཟླ་ངོ་ ༢༩ གི་དོན་ལས་ ཉེར་མཁོ་ནང་འདྲེན་ཚུ་ལུ་ ལང་ནི་ཨིནམ་ད་ བརྗེ་སོར་འབད་བཏུབ་མི་ ཕྱི་དངུལ་ཚུ་ ཡུན་བརྟན་ཅན་སྦེ་ ཕྱིར་སྤེལ་འབད་ནི་དེ་ གལ་ཆེ་ཟེར་ཨིན་པས།
ད་ལས་ཕར་གྱི་ མཐོང་སྣང་དང་འབྲེལ་ཏེ་ འབྲུག་གི་དཔལ་འབྱོར་གྱི་ གྲུབ་འབྲས་སྒྲིང་སྒྲིང་སྦེ་ བཞག་ནི་ལུ་ ཆུར་བརྟེན་གློག་མེ་རྒྱ་སྐྱེད་དང་ ལྟ་བཤལ་ལས་སྡེ་བསྐྱར་གསོ་ དེ་ལས་ བག་ཡོད་དངུལ་རྩིས་འཛིན་སྐྱོང་ཚུ་ལུ་ རག་ལས་དགོ་ནི་དང་ དཔལ་འབྱོར་དེ་ ཡུན་བརྟན་དང་ ཡོངས་རྫོགས་ཅན་སྦེ་ འགྲུབ་ནིའི་དོན་ལུ་ ཁྲལ་གྱི་ལམ་ལུགས་དང་ ལཱ་གཡོག་གི་གོ་སྐབས་ དེ་ལས་ དངུལ་འབྲེལ་ལས་སྡེའི་ བརྟན་གཞི་ཚུ་ འཕྲོ་མཐུད་དེ་ར་ གཞི་སྒྱུར་འབད་ནི་ལུ་ གཙོ་བོར་བཟུང་དགོ་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་འདུག་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]

gyalchi
Online now: 27 Today: 1617 Total visitors: 4294