ཨེ་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ པ་ཀིཛ་ཏཱན་ བཙག་འཐུ་ལྷན་ཚོགས་ཀྱིས་ པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱིས་ ལོ་ངོ་ ༥ གི་རིང་ལུ་ མི་མང་ཡིག་ཚང་གི་ འགན་ཁུར་འཆང་ནི་ལས་ བཀག་དམ་འབད་ནུག།
དེ་ཡང་ ཨིམ་རཱན་ཁཱན་དེ་ བློན་ཆེན་སྦེ་ སྡོད་པའི་སྐབས་ལུ་ རྒྱལ་ཁམས་ལུ་ཐོབ་མི་ གསོལ་རས་ཚུ་ བཙོངས་ཡོདཔ་མ་ཚད་ བདོག་གཏད་ཚུ་ཡང་ སྦ་གསང་ཐོག་ལུ་ བཞག་ནུག་ཟེར་ཨིན་པས།
དེ་བཟུམ་མའི་ བཀག་དམ་ལུ་དེ་གིས་ ད་རེས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ མ་ལེགསཔ་ཐལ་མིའི་ནང་ སྔོན་ཆད་མ་བྱུང་པའི་ ཆུ་རུད་ཚུ་གིས་ བཟའ་འཐུང་གི་ དཀའ་ངལ་ཚུ་ཐོན་ཏེ་ མི་གྲངས་ ༡,༧༢༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ མི་སེར་བརྒྱ་ཕྲག་ལེ་ཤ་ཅིག་ལུ་ སྡོད་ས་མེད་མི་ཚུ་དང་འབྲེལ་ཏེ་ སྲིད་དོན་གྱི་ གནོད་རྐྱེན་ཧེང་སྐལ་ར་ འབྱུང་ནི་མས་ཟེར་བཀོད་ནུག།
བློན་ཆེན་ཁཱན་དེ་ དང་ཞག་ སྤྱི་ཟླ་ ༤ པའི་ནང་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ཏེ་ བློན་ཆེན་གྱི་ གོ་གནས་ལས་ གནས་དབྱུང་བཏང་ཡོད་རུང་ གཞུང་སྐྱོང་གི་དོན་ལས་ རྒྱབ་སྐྱོར་པ་ཚུ་ འཚོལ་སྒྲུབ་འབད་དེ་ སྡོད་ཡོདཔ་ཨིན་པས།
ད་རེས་ བཙག་འཐུ་ལྷན་ཚོགས་ཀྱི་ གྲོས་ཆོད་ལུ་ ངོ་རྒོལ་འབད་མི་ཚུ་ གཙིགས་མོ་ལངས་ཏེ་ པ་ཀིཛ་ཏཱན་གྱི་རྒྱལ་ས་ ཨིཛ་ལ་མ་བཱད་ལུ་ཡོད་མི་ བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ཕྱི་ཁར་ སྤུངས་འཛོམས་འབད་དེ་ཡོདཔ་ལས་ སྲུང་སྐྱོབ་དམག་མི་ཚུ་གིས་ ཡིག་ཚང་མཐའ་བསྐོར་ཏེ་ གདོང་ལེན་འབད་དགོཔ་བྱུང་ནུག།
དེ་མ་ཚད་ ཨིཛ་ལ་མ་བཱད་ལུ་ ཨིམ་རཱན་ཁཱན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ འཁོར་ལོ་ཚུ་ མེར་བཏང་སྟེ་ ཁྲིམས་སྲུང་འགག་སྡེ་ལུ་ རྡོ་བཀོག་ཐོག་ལས་ ངོ་རྒོལ་འབད་སའི་ས་ཁོངས་ནང་ ཉེ་འདབས་ཀྱི་ས་གནས་ ར་ཝཱལ་པིན་ཌི་ལས་ཡང་ ངོ་རྒོལ་གྱི་ གདོང་ལེན་ལུ་ མཚོན་ཐུབ་སྣུམ་འཁོར་ཚུ་ བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་གྱིས་ ལོ་ངོ་ ༥ གི་རིང་ལུ་ མི་མང་ཡིག་ཚང་གི་ འགན་ཁུར་འཆང་ནི་བཀག་དམ།
Related

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།
བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།

ཨི་ཊ་ལི་ལུ་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ ཡུ་རོ་ས་ཡ་ ༥ གནས་པའི་ ཆང་ཤེལ་དམ་ ༣༠,༠༠༠ ཨརཝ་ཤོར་ཡོདཔ།
བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཨརཝ་ཚུ་གིས་ ཨི་ཊ་ལིའི་ མིང་གཏམ་ཅན་གྱི་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ གོང་ཚད་ཡུ་རོ་ས་ཡ་ ༥ དེ་ཅིག་གནས་པའི་ ཝ་ཡིན་ཟེར་མི་ ཆང་རིགས་ཤེལ་དམ་ ༣༠,༠༠༠ དེ་ཅིག་ ཨརཝ་བརྐུ་ནུག། ཨི་ཊ་ལིའི་ བཟའ་ཚང་གི་ བདག་དབང་ཐོག་ལུ་ ཆང་བཟོ་འཕྲུལ་ཁང་སྦོམ་ཤོས་ཅིག་ཨིན་མི་ མར་ཅེ་སི་ ཨེན་ཊི་ནོ་རི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊཱཛ་ཀ་ནི་ལུ་ཡོད་པའི་ ཆང་བཟོ་འཕྲུལ་ཁང་གིས་ ཕྱི་རྒྱལ་གྱི་ ཚོང་མགྲོན་པ་ཚུ་ལུ་ གྲུ་གཟིངས་ཐོག་ལས་ གཏང་ནི་སྦེ་ གྲ་སྒྲིག་འབད་བའི་སྐབས་ལུ་ ཨརཝ་ཤོར་ཡི་ཟེར་ཨིན་པས། དེ་བསྒང་ གདོང་སྤུར་མི་ ཨར་ཇག་ཕོ་སྐྱེས་ ༧ གྱིས་ ཆང་བཟོ་འཕྲུལ་ཁང་ལས་སྡེའི་ དོ་སྐྱེལ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ གོང་ཚད་ཅན་གྱི་ ཆང་རིགས་ཝ་ཡིན་ ཊི་ག་ནེ་ལོ་དང་ སོ་ལའི་ཡ་ གུ་ཌོ་ཨཱལ་ ཊ་སོ་ ཊཱཛ་ཀཱན་དམརཔོ་ཚུ་ སྣུམ་འཁོར་ཊག་ ༢ ནང་ བསྐྱལ་ཞིནམ་ལས་ འབག་སོང་ཡོདཔ་སྦེ་བཀོད་ནུག། ཆང་བཟོ་འཕྲུལ་ཁང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ […]

རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ།
ཨཱལ་ཇ་ཟི་ར། ད་རེས་ནངས་པ་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མི་ཚེ་རིང་པའི་ ལམ་རིམ་གསརཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས། རྒྱ་པཱན་གྱི་ གསོ་བ་དང་ ལས་མི་ ཕན་བདེ་ལྷན་ཁག་གིས་ ཐོ་བཀོད་འབད་མིའི་ནང་ དུས་ཅི་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༧,༦༧༧ ལུ་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༥ ལས་ ད་ཚུན་གྱི་བར་ན་ མི་གྲངས་ ༧,༩༡༤ དེ་ཅིག་ ཡར་སེང་སོང་ནུག།