ArchiveAboutContact

Category: World News

World News

ས་ཡོམ་གྱིས་ པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་ མི་གྲངས་ ༡༢ ལུ་ ཤི་རྐྱེན་དང་ ༢༠༠ ལྷགཔ་ཅིག་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༢༡ གི་ཕྱི་རོ་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུད་ ༦.༥ འབད་མི་ རྐྱབ་པ་ལུ་བརྟེན་ཏེ་ པ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་ མི་གྲངས་ ༡༢ དེ་ཅིག་ལུ་ ཤི་རྐྱེན་དང་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ པ་ཀིཛ་ཏཱན་གྱི་ ཁེ་བེར་པཱག་ཊཱུན་ཝ་ མངའ་སྡེའི་ལུང་གཤོང་ནང་ མི་གྲངས་ ༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་འབད་བ་ཅིན་ མི་གྲངས་ ༣ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།དེ་བསྒང་ བཟའ་ཚང་མང་ཤོས་ཅིག་ པར་སི་ཡན་ཟེར་མི་ ལོ་གསར་བརྩི་སྲུང་གི་དོན་ལས་ ཕྱི་ཁར་སོང་ཡོདཔ་ད་ ས་ཡོམ་དེ་ལུ་བརྟེན་ཏེ་ པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ས་རུད་ཆད་ཡོདཔ་ལས་ བརྒྱུད་འཕྲིན་དང་ འཁོར་ལམ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཇར་མཱན་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་རྩ་བརྟན་དང་ སྲུང་སྐྱོབ་ཀྱི་གསུང་གྲོས།

ཨེ་བི་སི།སྤྱི་ཟླ་ ༣ པའི་ཚེས་ ༡༨ ལུ་ ཇར་མཱན་གྱི་དབུ་ཁྲིད་ ཨོ་ལཱཕ་ཤི་ཀཱོལཛ་དང་ རྒྱ་པཱན་གྱི་བློན་ཆེན་ ཕུ་མིའུ་ཀི་ཤི་ད་ ༢ ཊོ་ཀིའུ་ལུ་སྦེ་ འགོ་དང་པ་ མཇལ་ཕྲད་ཐོག་ལས་ གཞུང་འབྲེལ་གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།དེ་ཡང་ དབུ་ཁྲིད་ ༢ ཀྱི་བར་ན་ དཔལ་འབྱོར་རྩ་བརྟན་དང་ སྲུང་སྐྱོབ་ཀྱི་སྐོར་ལས་ གསུང་གྲོས་གནང་ཡོདཔ་མ་ཚད་ རྒྱ་ནག་གི་ ཤན་ཞུགས་ཡར་འཕར་དང་ འཛམ་གླིང་ནང་ སྲུང་སྐྱོབ་ཀྱི་ ཚ་གྱང་ཡོད་ལུགས་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།དེ་སྦེ་ ཞལ་འཛོམས་གནང་པའི་ཤུལ་ལས་ རྒྱ་པཱན་བློན་ཆེན་གྱིས་ རྒྱལ་ཁབ་གཉིས་ཆ་ར་གིས་ ས་གཏེར་ཚུ་ བཀྲམ་སྤེལ་རྩ་བརྟན་དང་ ལེགས་འགྱུར་ དེ་ལས་ ཐབས་བྱུས་ཚ་གི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་སྦེ་ གསལ་བཤད་གནང་ཡི་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་གར་དང་ རྒྱ་ནག་གི་ དམག་མི་ཚུ་གི་བར་ན་ འཇིག་ཉེན་ཅན་གྱི་གནས་སྟངས།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༨ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཨེཛ་ཇའི་ཤང་ཀར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་དང་ རྒྱ་ནག་གི་བར་ན་ ནུབ་ཧི་མ་ལ་ཡའི་ ལུང་ཕྱོགས་ནང་ ལ་དྭགས་ཀྱི་ གནས་སྟངས་དེ་ ཉེན་ཁ་ཅན་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིན་པས།དེ་ཡང་ རྒྱལ་ཁབ་གཉིས་ཆ་རའི་ཧོངས་ལས་ ལུང་ཕྱོགས་དེ་གི་ ས་གནས་ལ་ལོ་ཅིག་ནང་ དམག་མི་བཀྲམ་སྤེལ་འབད་མི་ཚུ་ ས་ཐག་ཉེ་སར་ ལྷོད་དེ་ཡོད་ནི་དེ་གིས་ཨིན་པས།སྤྱི་ལོ་ ༢༠༢༠ ལུ་ རྒྱལ་ཁབ་ ༢ ཀྱི་ དམག་མི་ཚུ་གི་བར་ན་ ལུང་ཕྱོགས་དེ་ཁར་ འཐབ་འཛིང་བྱུངམ་ལས་ དམག་མི་ ༢༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ དོན་གཅོད་དང་ དམག་སྡེའི་བར་ན་ གསུང་གྲོས་གནང་ཐོག་ལས་ ཞི་འཇམ་སོང་ནུག།དེ་མ་ཚད་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཤར་ཕྱོགས་ས་ཁོངས་ཀྱི་ ས་མཚམས་ལུ་ ཚར་གཅིག་གུ་ བྱ་སྟབས་མ་བདེཝ་ ཐོན་ཡོད་རུང་ ཤི་རྐྱེན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས།ཨིན་རུང་ […]

gyalchi
World News

ཏཱན་ཟེ་ནི་ཡ་ལུ་ ངོས་འཛིན་མེད་པའི་ ནད་གཞི་ཅིག་ཐོན་ཏེ་ མི་གྲངས་ ༥ ལུ་ཤི་རྐྱེན།

བི་བི་སི། ཏཱན་ཟེ་ནི་ཡའི་ ནུབ་བྱང་ཁ་ཐུག་ལུ་ ཀེ་ག་རེ་ལུང་ཕྱོགས་ནང་ ངོས་འཛིན་མེད་པའི་ ནད་གཞི་ཅིག་ ཐོན་ཡོདཔ་ལས་ ཉུང་ཤོས་ར་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ ད་ཚུན་གྱི་བར་ན་ མི་གྲངས་ ༧ ལུ་ ནད་གཞི་དེ་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ལས་ ཏཱན་ཟེ་ནི་ཡའི་ དབང་འཛིན་ཚུ་གིས་ ཊོག་ཊར་སྡེ་ཚན་ཅིག་ ནད་གཞི་དེ་ ངོས་འཛིན་འབད་བར་ བཏང་ཡོདཔ་ཨིན་པས།ཤར་ཨཕ་རི་ཀའི་ རྒྱལ་ཁབ་ནང་ ངོས་འཛིན་མེད་པའི་ ནད་གཞི་ཐོན་མི་དེ་གིས་ དྲོད་འབར་རྐྱབ་ནི་དང་ མགུ་ཏོག་ན་ནི་ འུ་སྡུག་ཐང་ཆད་ནི་ ལྷ་པའི་ནང་ལས་ ཁྲག་ཐོན་ཏེ་ ནཝ་ཨིན་པས་ཟེར་ གསོ་བའི་དབང་འཛིན་ཚུ་གིས་ གསལ་བཤད་འབད་ནུག།ན་ཧིང་ སྤྱི་ཟླ་ ༧ པའི་ནང་ཡང་ ལྷོ་ཕྱོགས་ལིན་ཌི་ལུང་ཕྱོགས་ནང་ དེ་བཟུམ་མའི་ ནད་གཞི་ཅོག་འཐདཔ་ཅིག་ མི་གྲངས་ ༢༠ ལྷགཔ་ཅིག་ལུ་ ཐོབ་ཡོདཔ་མ་ཚད་ མི་གྲངས་ ༣ ལུ་ ཤི་རྐྱེན་ཡང་ བྱུང་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ བཱག་མུཊ་ཁྲོམ་སྡེ་ དབང་བཟུང་འབད་ནི་ལུ་ ལཱ་ཁག་འོང་ནི།

རོའི་ཊརཛ། ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ བཱག་མུཊ་ཁྲོམ་སྡེ་ དབང་བཟུང་འབད་ནི་ལུ་ འབད་རྩོལ་བསྐྱེདཔ་ཨིན་རུང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ ཕྱིར་བཏོན་འབད་ནི་གི་ བརྡ་སྟོན་མེདཔ་ལས་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།དེ་ཡང་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ བཱག་མུཊ་དེ་ དབང་བཟུང་འབད་ནིའི་དོན་ལས་ ཟླ་ངོ་ལེ་ཤ་ཅིག་གི་རིང་ལུ་ འབད་རྩོལ་བསྐྱེད་ནི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ལོ་ངོ་ལྷགཔ་ཅིག་གི་རིང་ལུ་ དམག་འཁྲུག་ལང་མི་ ས་གནས་ཚུ་གི་གྲས་ལས་ བཱག་མུཊ་ཁྲོམ་སྡེ་དེ་ རྨ་བཏོན་ཁྲག་བཏོན་གྱི་ ས་གནས་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།ར་ཤི་ཡ་གིས་ བཱག་མུཊ་ཁྲོམ་སྡེ་དེ་ དབང་བཟུང་འབད་ཚུགས་པ་ཅིན་ ཡུ་ཀེ་རེན་གྱི་ མངའ་ཁོངས་ཚུ་ནང་ ར་ཤི་ཡའི་ དམག་མི་ཚུ་ འཇམ་ཏོང་ཏོ་སྦེ་ འཛུལ་ཞུགས་ཐོག་ལས་ དམག་འཁྲུག་ལང་ཚུགས་ནི་ཨིན་པས།དེ་འབདཝ་ལས་ ཡུ་ཀེ་རེན་གྱིས་ དགྲ་བྱང་ཕྱད་ཚུ་ ས་ཁོངས་དེ་ནང་ འཛུལ་ཞུགས་འབད་བཅུག་ནི་དེ་ ལཱ་ཁག་འོང་ནི་ཨིན་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ལྷོ་ཀོ་རི་ཡ་དང་ རྒྱ་པཱན་ ༢ ཀྱི་བར་ན་ ཞལ་འཛོམས་མ་འཚོགསཔ་ཅིག་ཁར་ བྱང་ཀོ་རི་ཡ་གིས་ ཐག་རིང་མི་ཛ་ཡེལ་རྐྱབ་ཡོདཔ།

བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༡༦ གི་དྲོ་པར་ ལྷོ་ཀོ་རི་ཡ་དང་ རྒྱ་པཱན་གྱི་ དབུ་ཁྲིད་ ༢ ཀྱི་བར་ན་ ཞལ་འཛོམས་འཚོགས་མ་གནང་པའི་ ཆུ་ཚོད་ ༡ གི་ཧེ་མར་ བྱང་ཀོ་རི་ཡ་གིས་ རྒྱ་པཱན་གྱི་ རྒྱ་མཚོའི་ནང་ ཐག་རིང་མི་ཛ་ཡེལ་ཅིག་ རྐྱབ་ཡོདཔ་ཨིན་པས།དེ་ཡང་ ཀི་ལོ་མི་ཊར་ ༡,༠༠༠ གི་ས་ཁར་ རྒྱ་པཱན་གྱི་ ནུབ་ཕྱོགས་རྒྱ་མཚོའི་ནང་ ཆགས་ཡོདཔ་སྦེ་ རྒྱ་པཱན་དང་ ལྷོ་ཀོ་རི་ཡའི་ འགོ་དཔོན་ཚུ་གིས་ ངེས་གཏན་ཨིནམ་སྦེ་ གསལ་བཤད་འབད་ནུག།བྱང་ཀོ་རི་ཡ་གིས་ འདས་པའི་བདུན་ཕྲག་ནང་ར་ མི་ཛ་ཡེལ་ ལན་ཐེངས་ ༤ རྐྱབ་ཡོད་རུང་ མི་ཛ་ཡེལ་དེ་ཚུ་ག་ར་ ཐག་ཐུང་གི་ མི་ཛ་ཡེལ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

པ་ཀིཛ་ཏཱན་ སྲུང་སྐྱོབ་དམག་མི་ཚུ་གིས་ ཧམ་བཅོམ་ཐོག་ལས་ ཀྲོབ་མདའ་རྐྱབ་ད་ ངོ་ལོགཔ་ ༨ དང་ ཨ་ལོ་ ༢ ལུ་ཤི་རྐྱེན།

ཨེ་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༡༥ ལུ་ པ་ཀིཛ་ཏཱན་ སྲུང་སྐྱོབ་དམག་མི་ཚུ་གིས་ ཨཕ་གྷ་ནིཛ་ཏཱན་གྱི་ ས་མཚམས་ཉེ་འདབས་ལུ་ཡོད་མི་ གཡིབ་དམག་ས་ཁོངས་ནང་ ཧམ་བཅོམ་ཐོག་ལས་ ཀྲོབ་མདའ་རྐྱབ་པའི་ རྐྱེན་ངན་ནང་ ངོ་ལོགཔ་ ༨ དང་ ཨ་ལོ་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ དམག་མི་ ༢ ལུ་ཡང་ རྨ་སྐྱོན་བྱུང་ནུག།དེ་ཡང་ པ་ཀིཛ་ཏཱན་གྱི་ ལྷོ་ཕྱོགས་ཝ་ཟི་རིཛ་ཏཱན་གྱི་ འགེགས་སྲུང་ཁ་ཐུག་ལུ་ དམག་མི་ཚུ་གིས་ ཧ་བཅོམ་འབད་བའི་བསྒང་ ཨ་ལོ་ ༢ ཀྲོབ་མདའ་རྐྱབ་མི་དེ་ ག་ཨིན་ན་ ཧ་མ་གོ་བར་ཡོདཔ་མ་ཚད་ གཡིབ་དམག་སྡེ་ཚན་དེ་ཡང་ ངོས་འཛིན་འབད་མ་ཚུགསཔ་ཨིན་པས།ག་དེ་སྦ་ཨིན་རུང་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ལྷོ་ཕྱོགས་ཝ་ཟི་རིཛ་ཏཱན་ལུ་ པ་ཀིཛ་ཏཱན་གྱི་ ཏཱ་ལི་བཱན་དང་ གཡིབ་དམག་གཞན་ཚུ་གི་ གཞི་སྒར་ཆགས་ཏེ་ སྡོད་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ བཱག་མུཊ་ཁྲོམ་སྡེ་ འཕྱོག་ནིའི་དོན་ལས་ དམག་འཁྲུག་ལང་མིའི་ནང་ རྒྱལ་ཁབ་གཉིས་ཆ་ར་ལུ་གྱོང་རྒུད།

བི་བི་སི།   ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ བཱག་མུཊ་འཕྱོག་ནིའི་དོན་ལས་ བརྩོན་ཤུགས་བསྐྱེད་དེ་ དམག་འཁྲུག་ལང་མིའི་ནང་ ཡུ་ཀེ་རེན་དང་ ར་ཤི་ཡའི་ རྒྱལ་ཁབ་གཉིས་ཆ་ར་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ཨིན་པས། དེ་ཡང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེན་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཉིན་གྲངས་ དག་པ་ཅིག་གི་ ནང་འཁོད་ལུ་ར་ ར་ཤི་ཡའི་དམག་མི་ ༡,༡༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་འཚུབ་ཅན་སྦེ་ར་ བྱུང་ནུག་ཟེར་ཨིན་པས། ར་ཤི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ར་ ཡུ་ཀེ་རེན་གྱི་ དམག་མི་ ༢༢༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་རུང་ བི་བི་སི་ གནས་ཚུལ་ལས་སྡེའི་ ཁ་ཐུག་ལས་ བདེན་དཔྱད་འབད་མ་ཚུགས་ཟེར་བཀོད་ནུག། ར་ཤི་ཡའི་ དམག་མི་ཚུ་ བཱག་མུཊ་ཁྲོམ་སྡེའི་ ཉེ་འདབས་ལུ་ ལྷོད་ཡོདཔ་ད་ དེ་ཡང་ ཌོ་ནེཊཛ་ཟེར་མི་ ལུང་ཕྱོགས་དེ་ ར་ཤི་ཡ་གིས་ དབང་བཟུང་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱིས་ བཱག་མུཏ་ཁྲོམ་ནང་ ར་ཤི་ཡའི་ དམག་སྡེ་དྲག་ཤོས་ཚུ་ ཨེབ་བཞག་ཡོདཔ།

རོའི་ཊརཛ། ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀིའི་ ལས་རོགས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ གྱང་ཁོག་ཐལ་ཏེ་ཡོད་མི་ བཱག་མུཏ་ཁྲོམ་ནང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ར་ཤི་ཡ་དང་གཅིག་ཁར་ རྒྱབ་བཤུད་མེད་པར་ ཕྱད་མདའ་རྐྱབ་ནི་སྦེ་ སེམས་ཐག་བཅད་ཐོག་ལས་ ར་ཤི་ཡའི་ དམག་སྡེ་དྲག་ཤོས་ཚུ་ ཨེབ་བཞག་ཡོདཔ་ཨིན་པས།དེ་ཡང་ དམག་འཁྲུག་ནང་ དམར་བསད་མཐོ་ཤོས་ཐོན་མི་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ཆུང་ཀུ་དེ་ འཕྲོ་མཐུད་དེ་ར་ སྲུང་སྐྱོབ་འབད་ནི་སྦེ་ཨིནམ་ད་ ལོ་ངོ་ཕྱེད་ལྷགཔ་ཅིག་གི་རིང་ལུ་ ཁྲོམ་སྡེ་དེ་ནང་ ར་ཤི་ཡ་གིས་ རྒྱལ་ཁ་འཐོབ་ཚུགསཔ་འབད་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་པས།ར་ཤི་ཡའི་ ཁ་ཐུག་ལས་ བཱག་མུཏ་ཁྲོམ་དེ་ གནམ་དགུན་གྱི་ དམག་འཁྲུག་ནང་ དམིགས་གཏད་གཙོ་བོ་ཅིག་གི་ཐོག་ལས་ དམག་མི་བརྒྱ་ཕྲག་སྦེ་ གྲལ་གཏོགས་འབད་བཅུག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ཀུ་ཡིནཛ་ལེན་ལུ་ ཆརཔ་ཤུགས་སྦེ་རྐྱབ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༣ པའི་ཚེས་ ༡༡ ལུ་ ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ཀུ་ཡིནཛ་ལེན་གྱི་ ནུབ་བྱང་ཁ་ཐུག་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ སྔོན་ཆད་མ་བྱུང་པའི་ ཆར་ཆུ་གིས་ གང་སྟེ་ཡོདཔ་ལས་ གློ་བུར་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ ས་གནས་དེ་ཁར་ སྡོད་མི་ཚུ་ ས་ཁ་མཐོ་སར་ བསྐྱལ་ཡོདཔ་ཨིན་པས།རྒྱལ་ཁམས་ཀྱི་ གནམ་གཤིས་སྔོན་རྟགས་འབད་མི་གིས་ སྤྱི་ཟླ་ ༣ པའི་ཚེས་ ༡༢ ལུ་ཡང་ མངའ་སྡེ་དེ་ནང་ གཙང་ཆུའི་མཐོ་ཚད་ ཡར་སེང་འགྱོ་ནི་ཨིན་པའི་ ཉེན་བརྡ་འབདཝ་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཁྲོམ་སྡེ་དེ་ཁར་ མི་སེར་ ༡༠༠ དེ་ཅིག་ ལྷག་ལུས་ཡོད་མི་ཚུ་ཡང་ ས་གནས་གཞན་ཁར་ བསྐྱལ་དགོཔ་སྦེ་ སླབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 9 Today: 530 Total visitors: 10560