ArchiveAboutContact

Month: August 2026

National News

འབྲུག་དང་ མཐའ་ཡས་ལེན་གྱི་བར་ན་ གསོ་བའི་ཉེན་སྲུང་དང་ ཞབས་ཏོག་གི་དོན་ལུ་ ཁྱད་རིག་ཅན་གྱི་ སྨན་བཅོས་ལྕོགས་གྲུབ་གོང་འཕེལ་གྱི་ གོ་དོན་ཆིངས་ཡིག།

པདྨ་དབང་འདུས། སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ ཐིམ་ཕུ་གསོ་བའི་ལྷན་ཁག་ནང་སྦེ་ འབྲུག་གཞུང་དང་ མཐའ་ཡས་ལེན་གྱི་བར་ན་ གསོ་བའི་ཉེན་སྲུང་དང་ ཞབས་ཏོག་གི་དོན་ལུ་ ཁྱད་རིག་ཅན་གྱི་ སྨན་བཅོས་ལྕོགས་གྲུབ་ གོང་འཕེལ་དང་འབྲེལ་ཏེ་ མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཡུན་རིང་གི་ གསོ་བའི་མཉམ་འབྲེལ་ནང་ གལ་གནད་ཆེ་བའི་ གནད་དོན་ཅིག་ཨིན་པས། གོ་དོན་ཆིངས་ཡིག་གུ་ མཐའ་ཡས་ལེན་གྱི་ མི་མང་གསོ་བ་ལྷན་ཁག་འོག་གི་ སྨན་བཅོས་ཞབས་ཏོག་ལས་ཁུངས་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་བར་ན་ མཚན་རྟགས་བཀོད་ཡོདཔ་ད་ མཚན་རྟགས་ཚུ་ཡང་ མཐའ་ཡས་ལེན་གྱི་ མི་མང་གསོ་བའི་བློན་པོ་ པ་ཏ་ན་པོ་རོམ་ཕཏ་དང་ འབྲུག་གི་གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གི་ སྐུ་མདུན་ལུ་སྦེ་བཀོད་ནུག།

World News

ཟིམ་བབ་ཝིའི་ ཀ་རི་བཱ་མཚོ་ནང་ གྲུ་ཆུང་ཅིག་ ཐིམས་སོངཔ་ལས་ མི་གྲངས་ ༡༥ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༨ པའི་ཚེས་ ༡༢ ལུ་ སྲོག་སྐྱབས་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཟིམ་བབ་ཝིའི་ ཀ་རི་བཱ་མཚོ་ནང་ གྲུ་ཆུང་ཅིག་ ཐིམས་སོངཔ་ལས་ མི་གྲངས་ ༡༥ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ ཤོག་འཛིན་བཙོང་མིའི་ ཐོ་བཀོད་དང་འཁྲིལཝ་ད་ གྲུ་ཆུང་དེ་ནང་ འགྲུལ་པ་ ༩༠ དང་ ལས་བྱེདཔ་ ༥ དེ་ཅིག་ཡོདཔ་ལས་ ལྗིད་ཚད་ལས་བརྒལ་བའི་སྟབས་ཀྱིས་ མགོ་མཇུག་ལོག་སྟེ་ ཡར་སོངཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ སྙན་ཞུ་འབད་ནུག། དེ་མ་ཚད་ མཚོའི་རྦ་རླབས་ ཤུགས་ཅན་ཅིག་གིས་ཡང་ མགོ་མཇུག་ལོག་སྟེ་ བཏང་ཡོད་པའི་སྐོར་ལས་ བརྙན་ཐུང་ཅིག་ནང་ གསལ་སྟོན་འབད་ཡོདཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་ཡོདཔ་ཨིན་པས། ཟིམ་བབ་ཝིའི་ ས་མཚམས་ལུ་ཡོད་མི་ ཀ་རི་བཱ་མཚོ་དེ་ སྐྱེལ་འདྲེན་ལུ་ རྒྱབ་སྐྱོར་དང་ ཉ་བཟུང་ནི་ ཆུར་བརྟེན་གློག་མེ་ཚུ་གི་དོན་ལས་ འཛམ་གླིང་ནང་ མི་གིས་བཟོ་མི་ མཚོ་སྦོམ་ཤོས་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 22 Today: 1880 Total visitors: 9100